ཕུའུ་ཅིན་གྱིས་འཆར་གཞི་གསར་བ་ཉེར་བརྒྱད་དེ་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་སྲིད་པའི་ཚུལ་བསྟན།
2025.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས21ཉིན་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་བཏོན་པའི་འཆར་གཞི་གསར་བ་ཉེར་བརྒྱད་པོ་དེ་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་སྲིད་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་བར་གྱི་འབྲེལ་འདྲིས་ཐབས་ལམ་བརྒྱུད་དེ་ཇུས་གཞི་དེ་འབྱོར་ཡོད། ངས་བལྟས་ན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་མཇུག་མཐའི་ཇུས་གཞིའི་རྨང་གཞིར་འགྱུར་ཡང་སྲིད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། འཆར་གཞི་གསར་བ་ཉེར་བརྒྱད་ཀྱི་བྱེ་བྲག་གི་ནང་དོན་ལ་ངོ་བོ་རང་བཞིན་ལྡན་པའི་སྒོ་ནས་གྲོས་བསྡུར་བྱེད་དགོས་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཇུས་གཞི་དེའི་བྱེ་བྲག་གི་ནང་དོན་ཐད་ནས་ཨུ་རུ་སིའི་བར་གྲོས་བསྡུར་བྱས་མེད། ཁོས་བལྟས་ན་ཨ་མེ་རི་ཁ་ཕྱོགས་ཀྱི་ཇུས་གཞི་དེར་ཝུའུ་ཁི་ལན་ཡིད་འཐད་བྱུང་མེད་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཇུས་གཞི་དེར་ངོ་རྒོལ་གྱི་རྣམ་འགྱུར་བཟུང་ཡོད་པར་འདོད།

ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་དང་དེའི་ཡོ་རོབ་གླིང་མནའ་འབྲེལ་གྲོགས་པོས་འཐབ་འཁྲུག་སྐབས་སུ་ཨུ་རུ་སིར་བཙན་འཛུལ་རང་བཞིན་གྱི་ཕམ་ཉེས་འབྱུང་དུ་འཇུག་པའི་སྟོང་བསམ་བཅངས་ཡོད་པ་མངོན་གསལ་རེད། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་འཆར་གཞི་གསར་བ་ཉེར་བརྒྱད་པོ་དེ་དང་ལེན་མ་བྱས་ན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་གཡུལ་སའི་གནད་འགག་ས་ཁུལ་གཞན་པ་ནས་ཁུའུ་ཕིས་དབྱང་སི་ཁིའི་སྣང་ཚུལ་དེ་ཡང་བསྐྱར་འབྱུང་དུ་འཇུག་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།