
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པ་ཚེས22ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་ཚོགས་མགོ་བརྩམས། གྲོས་ཚོགས་ནས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་ཀྱི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།
ཐེངས་འདིའི་རྩེ་ཚོགས་ཀྱིས་མཐུན་སྒྲིལ་དང་འདྲ་མཉམ། རྒྱུན་མཐུད་ཐུབ་པ་བཅས་བརྗོད་སྙིང་དུ་བཟོང་ཡོད་ཅིང་། གནོད་འགོག་ནུས་པར་ཤུགས་སྣོན་པ་དང་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་དངུལ་བུན་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་པ། དྲང་བདེན་གྱི་ནུས་ཁུངས་ཚུལ་བསྒྱུར་ཆེད་དུ་མ་དངུལ་བསྡུ་བ། གནད་འགག་གི་གཏེར་ཐོན་བེད་སྤྱད་དེ་དཀྱེལ་ཡངས་རང་བཞིན་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་གྲོས་གཞི་གཙོ་བོ་བཞི་ཡོད།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛན་ལཱ་མཱ་ཧྥུའུ་སཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ཀྱི་རིན་ཐང་དང་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཐེངས་འདིའི་རྩེ་ཚོགས་ནས་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ལས་འཛམ་གླིང་ཡོངས་ལ་ཕྱོགས་མང་རིང་ལུགས་ལས་ངེས་པ་དོན་གྱི་གྲུབ་འབྲས་འབྱུང་སྲིད་པའི་བརྡ་གལ་ཆེན་ཞིག་བཏང་ཡོད་ཟེར།
རྩེ་ཚོགས་ཀྱི་གྲོས་རིམ་ལྟར་ན། ཚེས22ཉིན་སྤེལ་བའི་དུས་རིམ་དང་པོའི་གྲོས་ཚོགས་ནས་དཀྱེལ་ཡངས་ཆེ་ཞིང་རྒྱུན་མཐུད་ཐུབ་པའི་དཔལ་འབྱོར་འཕར་སྣོན་གཙོར་བཟུང་ཡོད་པ་དང་། དུས་རིམ་གཉིས་པའི་གྲོས་ཚོགས་ནས་ནམ་ཟླ་དང་གནོད་འཚེ་ཐག་གཅོད་ནུས་པར་དོ་སྣང་བྱས་ཡོད། ཚེས23ཉིན་སྤེལ་རྒྱུ་ཡིན་པའི་དུས་རིམ་གསུམ་པའི་གྲོས་ཚོགས་ནས་གཙོ་བོ་མི་ཚང་མས་མཉམ་སྤྱོད་བྱེད་པའི་འདྲ་མཉམ་དྲང་བདེན་གྱི་མ་འོངས་པ་འཛུགས་པར་གྲོས་བསྡུར་བྱེད་རྒྱུ་རེད།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དེ1999ལོར་བཙུགས་པ་དང་། ཀྲུང་གོ་དང་ཨ་ཀིན་ཐེན། ཨོ་སི་ཁྲུ་ལི་ཡཱ། པཱ་ཞི། ཁཱ་ནཱ་ཏཱ། ཧྥ་རན་སི། འཇར་མན། རྒྱ་གར། ཧིན་རྡུ་ཉི་ཞི་ཡཱ། དབྱི་ཐཱ་ལེ། འཇར་པན། ལྷོ་ཁོ་རེ་ཡ། མའོ་ཞི་ཁོ། ཨུ་རུ་སི། སོ་ཏི་ཨ་རབ། ཨ་ཧྥེ་རི་ཁ་ལྷོ་མ། ཐུར་ཁེ། དབྱིན་ཇི། ཨ་མེ་རི་ཁ། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཅས་ཀྱིས་གྲུབ་ཡོད།
ཨ་ཧྥེ་རི་ཁ་ལྷོ་མས2024ལོའི་ཟླ12པའི་ཚེས1ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད། སྐབས་རྗེས་མའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་མཁན་ནི་དབྱིན་ཇི་ཡིན་ལ། དེའི་འགན་ཡུན་ནི2025ལོའི་ཟླ12པའི་ཚེས1ཉིན་ནས2026ལོའི་ཟླ11པའི་ཚེས30ཉིན་བར་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།