
ནེ་ཀྲི་རི་ཡཱའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་ཀྱིས་ཚེས21ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ནེ་ཀྲིར་མངའ་སྡེ་རུ་ཚེས21ཉིན་གྱི་ཞོགས་པར་སློབ་རའི་བཙན་ཁྲིད་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་སློབ་མ215དང་དགེ་རྒན12བཙན་ཁྲིད་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་ཨ་ཀྭ་ལཱ་ཏིས་ས་ཁུལ་གྱི་ཧྲིན་མཱ་ལེ་སློབ་གྲྭར་ཡོང་ནས། དགེ་སློབ200ལྷག་བཙན་ཁྲིད་བྱས་ཟེར།
ནེ་ཀྲིར་མངའ་སྡེའི་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཝུའུ་སི་མན་གྱིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་དེ་མ་བྱུང་གོང་གསང་འཕྲིན་ལས་མངོན་པ་ལྟར་ན། ས་དེའི་བདེ་འཇགས་འཇིགས་ཉེན་ཇེ་ཆེར་སོང་ཡོད་ལ། དེའི་དབང་གིས་སྲིད་གཞུང་གིས་གནས་སྐབས་སུ་བཅའ་སྡོད་སློབ་གྲྭའི་སྒོ་བརྒྱག་དགོས་པའི་རེ་བ་བཏོན་ཡང་། ཧྲིན་མཱ་ལེ་སློབ་གྲྭས་གང་འདོད་དུ་སློབ་ཁྲིད་སླར་གསོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་བྱས་པའམ་སློབ་ཁྲིད་སླར་གསོ་བྱེད་པར་རེ་ཞུ་བྱས་མེད་ཟེར།
ནེ་ཀྲིར་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་པུས་ཨོ་ཏིན་གྱིས་གསར་འགོད་པར་བཤད་རྒྱུར། ཉེན་རྟོག་ཕྱོགས་དང་དམག་དཔུང་། དེ་མིན་བདེ་འཇགས་མི་སྣ་གཞན་པ་ཡུལ་དངོས་སུ་འབྱོར་ནས། ཉེ་འདབས་ཀྱི་ནགས་ཚལ་དུ་སྔོག་བཤེར་བྱེད་བཞིན་ཡོད་ལ། ཤུགས་ཆེན་པོས་བཙན་ཁྲིད་ཐེབས་པའི་དགེ་སློབ་ཉེན་ཁ་ལས་སྐྱོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།