ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཕྱོགས་གཅིག་ནས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱིར་ཕུད་པའི་དབང་ཆ་མེད་པའི་ཚུལ་བསྟན།
2025.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཀྲང་ལཱ་མའོ་ལཱ་ཡིས་ཚེས4ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་ནང་སྲིད་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་བྱ་བར་གང་འདོད་དུ་སྐྱོན་འཛུགས་བྱས་པར་རྒོལ་གཏམ་བཏང་སྟེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གང་རུང་གིས་ཕྱོགས་གཅིག་ནས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱིར་ཕུད་པའི་དབང་ཆ་མེད་པ་ནན་བཤད་བྱས།

ལུའུ་པུས་ཨོ་ཡིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་སང་ལོར་ཨ་མེ་རི་ཁར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་ཨ་ཧྥེ་རི་ཁ་ལྷོ་མ་གདན་ཞུ་བྱེད་མི་སྲིད་ཟེར།

ལཱ་མའོ་ལཱ་ཡིས་གསལ་སྒྲོག་ཅིག་ལས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་སྐབས། མཐུན་སྒྲིལ་དང་འདྲ་མཉམ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་བོའི་མཐུན་སྒྲིལ་དང་དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲོས་མོལ་སྟེགས་བུ་ལས་པར། ཚོགས་ཞུགས་འཐུས་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། ཨ་མེ་རི་ཁ་ཕྱོགས་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་མེད་ཅིང་། དེའི་ཨ་ཧྥེ་རི་ཁ་ལྷོ་མས་ཐུན་མོང་ལྟ་ཚུལ་ལ་གཏོར་བརླག་བྱས་པར་བཤད་པའི་སྐྱོན་འཛུགས་དེ་དོན་དངོས་མིན་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་མཉམ་ལས་རྐྱེན་སྲོལ་གྱི་གཞི་རྩའི་རྩ་དོན་འཁྱོག་བརྗོད་བྱས་ཡོད། ངེས་པ་དོན་གྱི་མགོ་ཁྲིད་ནུས་པ་ནི་ཕྱོགས་སོ་སོའི་རེ་འདོད་བསྐང་བ་ཙམ་མ་ཡིན་པར། འབོད་སྐད་སོ་སོར་ནན་ཏན་གྱིས་ཉན་པར་འགན་སྲུང་བྱེད་དགོས་ཟེར།

ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ནང་སྲིད་ཇུས་ཐད་ཀྱི་སྐྱོན་བརྗོད་ལ་དམིགས་ནས་ལཱ་མའོ་ལཱ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མི་དཀར་གྲངས་ཉུང་ཚོགས་པར་མཐོང་ཆུང་བྱས་པའི་བཤད་ཚུལ་དེ་ནི་ལུགས་མེད་ཀྱི་གཏམ་ཅིག་ཡིན། ཨ་ཧྥེ་རི་ཁ་ལྷོ་མའི་ས་ཞིང་བཅོས་བསྒྱུར་དེས་རྩ་ཁྲིམས་ཀྱི་དགོངས་དོན་བརྩི་སྲུང་ནན་མོ་བྱས་པ་དང་། ཚོང་ར་ཅན་གྱི་རྩ་དོན་བཀོལ་སྤྱོད་བྱས་ཡོད་ལ། འདྲ་མཉམ་དྲང་བདེན་གྱི་ཐབས་ལ་བརྟེན་ནས་སྐུལ་འདེད་བཏང་ཡོད་པར་མ་ཟད། སྤྱི་དམངས་ཡོངས་ཀྱི་ཁྲིམས་མཐུན་རྒྱུ་ནོར་ཁེ་དབང་ལ་འགན་སྲུང་བྱས་ཡོད་ཟེར། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསྟུད་མར་གོང་འཕེལ་བྱུང་ཡོད། མདུན་དུ་ལྷགས་པའི་འགྲན་རྩོད་མང་བོ་ཡོད་ཀྱང་། ཨ་ཧྥེ་རི་ཁ་ལྷོ་མས་གནས་བབ་དང་བསྟུན་ནས་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བཞིན་ཡོད་ཟེར།

ལཱ་མའོ་ལཱ་ཡིས་གསལ་སྒྲོག་ནང་ལུའུ་པུས་ཨོ་ལ་བསྟན་དོན། འཛམ་གླིང་གིས་མིག་སྔའི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ཟུང་ལྡན་དང་དམངས་གཙོའི་བཤད་ཚུལ་ལ་སུན་སྣང་སྐྱེས་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་བགྲོད་ལམ་ནི་རྒྱལ་ཁབ་རང་གི་མི་དམངས་ཀྱི་རང་བདག་གདམ་གསེས་བྱས་པ་ཡིན་པས། ང་ཚོས་ཁྱོད་ཚོའི་ཆོག་མཆན་ཐོབ་པར་བརྩོན་ལེན་བྱེད་མི་སྲིད་ཟེར། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་གྱི་རྣམ་འགྱུར་བཟུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྤྱིའི་འབྲེལ་བར་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།