
ཁོང་གོ་ཅིན་གྱི་སྲིད་འཛིན་ཆི་སེ་ཁི་ཏིས་དང་རུ་ཝང་ཏཱའི་སྲིད་འཛིན་ཁཱ་ཅཱ་མཱེ་གཉིས་ཀྱིས་ཚེས4ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ཞི་བདེའི་གྲོས་མཐུན་དངོས་སུ་བཀོད་དེ། ལོ་ངོ་སུམ་ཅུ་ལྷག་འགོར་བའི་འཁྲུག་རྩོད་མཇུག་སྒྲིལ་བར་རེ་སྒུག་བྱས་ཡོད།
གྲོས་མཐུན་དེ་ནི་ཨ་མེ་རི་ཁ་དང་ཁཱ་ཐར་སོགས་ཕྱོགས་མང་བོའི་བར་འདུམ་འོག་བཀོད་པ་རེད། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་གྲོས་མཐུན་མ་བཀོད་གོང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ཉིན་དེར་ཁོང་གོ་ཅིན་དང་རུ་ཝང་ཏཱ་ཡིས་ཕྱོགས་གཉིས་གྲོས་མཐུན་བཀོད་ནས། ཨ་མེ་རི་ཁར་གནད་འགག་གི་གཏེར་ཐོན་ཐོབ་པའི་གོ་སྐབས་གསར་བ་གསར་འབྱེད་བྱས་ཡོད་ཟེར།
ད་ལོའི་ཟླ་དང་པོའི་ཚུན་ལ། ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགསM23ལས་འགུལ་གྱིས་ཅི་ཝུའུ་བྱང་མ་ཞིང་ཆེན་དང་ཅི་ཝུའུ་ལྷོ་མ་ཞིང་ཆེན་སོགས་སུ་དཔུང་འཇུག་བྱས་པ་དང་། འཁྲུག་རྩོད་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པར་མ་ཟད་ཡུལ་འཁྱམས་བྱེད་དགོས་བྱུང་ཡོད། ཁོང་གོ་ཅིན་གྱིས་རུ་ཝང་ཏཱ་ཡིས་ལྐོག་ནས M23ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས། རུ་ཝང་ཏཱ་ཡིས་ཁོང་གོ་ཅིན་གྱིས་རུ་ཝང་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཏེ་རུ་ཝང་ཏཱའི་བཅིངས་འགྲོལ་དམངས་གཙོ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།