
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཚེས4ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་སྐོར་ཐེངས་གསར་བའི་བར་སྣང་འཇབ་རྒོལ་སྤེལ་བར་རྒོལ་གཏམ་བཏང་བར་མ་ཟད། བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འགལ་ཡོད་པའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། ཚེས4ཉིན་གྱི་ཕྱི་དྲོར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གྲོང་སྡེ་མང་བོར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་པ་དང་། དེའི་ཞོར་དུ་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གིས་ལྷོ་ཕྱོགས་སུ་བསྟུད་མར་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། དབང་ཆ་མ་ཐོབ་པའི་མཚོན་ཆ་གཞུང་བཞེས་བྱས་པར་མ་ཟད་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་ལ་ཚོད་འཛིན་བྱས་ཡོད་པ་མཐོང་ཡོད་ཟེར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་དབྱི་སི་རལ་ཕྱོགས་ཀྱིས་ད་ཡོད་ཀྱི་འབྲེལ་གཏུགས་དང་མཐུན་སྦྱོར་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཞོར་དུ་ལེ་པཱ་ནུན་ཕྱོགས་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་འགུལ་སྐྱོད་སྤེལ་མི་རུང་བའི་ཉེན་བརྡ་བཏང་།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཚེས4ཉིན་གྱི་དགོང་མོར། ཐོབ་ཐང་གསལ་བོར་མི་ཤེས་པའི་མི6གིས་འཕྲུལ་རྟ་བསྐོར་ནས་པེན་ཐི་ཀྲུའུ་པེད་ལེ་ས་ཁུལ་དུ་སྐོར་གཡེང་བྱེད་པའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉེ་སར་བཅར་བ་དང་། དེའི་ནང་གི་མི་གཅིག་གིས་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རླངས་འཁོར་ལ་མེ་མདའ་གསུམ་བརྒྱབ་ཀྱང་སྟབས་ལེགས་པ་ཞིག་ལ་རྨས་སྐྱོན་ཕོག་མེད་ཟེར།
ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་སྲིད་གཞུང་གིས་མྱུར་མོར་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།