
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨེ་ཅིབ། ཅོར་ཏན་བཅས་འདུས་པའི་རྒྱལ་ཁབ་བརྒྱད་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས5ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕྱོགས་གཅིག་ནས་ལཱ་ཧྥ་རྒྱུ་ལམ་སྒོ་འབྱེད་བྱེད་པའི་འབྲེལ་ཡོད་འཆར་གཞིར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕཱ་ལེ་སི་ཐན་གྱི་མང་ཚོགས་བཙན་ཤེད་ཀྱིས་རང་གི་ཁྱིམ་གཞིས་དང་འབྲལ་དུ་འཇུག་པའི་གཡོ་ཇུས་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨེ་ཅིབ། ཅོར་ཏན། ཧིན་རྡུ་ཉི་ཞི་ཡཱ། ཕཱ་ཁི་སི་ཐན། ཐུར་ཁེ། སོ་ཏི་ཨ་རབ། ཁཱ་ཐར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གསལ་སྒྲོག་དེའི་ནང་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་རྣམས་བཙན་ཤེད་ཀྱིས་རང་ཁྱིམ་དུ་འབྲལ་དུ་འཇུག་རྩིས་བྱེད་པའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། དབྱི་སི་རལ་གྱིས་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་གཞིར་བཟུང་ནས་ཕྱོགས་གཉིས་ནས་ལཱ་ཧྥ་རྒྱུ་ལམ་ཡང་བསྐྱར་སྒོ་འབྱེད་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་རང་དབང་གིས་འགྲོ་འོང་བྱེད་པར་འགན་སྲུང་བྱེད་དགོས་ལ། ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ཕ་ཡུལ་ནས་སྡོད་པ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པའི་སྐུལ་མ་བཏང་།
རྒྱལ་ཁབ་བརྒྱད་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ནན་གྱིས་བསྟན་དོན། ངེས་པར་དུ་ད་ཡོད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གནས་བབ་སྲུང་འཛིན་བྱེད་པ་དང་། མི་སེར་དཀྱུས་མའི་དཀའ་སྡུག་ཇེ་ཆུང་དུ་གཏོང་བ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བཀག་མེད་དུ་ཅཱ་ཧྲ་ས་ཁུལ་དུ་བསྐྱར་བར་འགན་སྲུང་བྱེད་དགོས་པར་མ་ཟད། གང་མགྱོགས་ཀྱིས་ཐོག་མའི་དུས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བ་མགོ་རྩོམ་དགོས་ཟེར།
གསལ་སྒྲོག་ལས་ད་རུང་བསྟན་དོན། ཕྱོགས་སོ་སོས་ཆ་རྐྱེན་བསྐྲུན་ནས། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ནས་འགན་འཁྲི་ལག་བསྟར་བྱེད་དུ་བཅུག་སྟེ། ས་ཁུལ་དེའི་ཆེད་དུ་སྔར་ལས་བདེ་འཇགས་དང་གཏན་འཇགས་ཡིན་པའི་དུས་རིམ་གསར་བ་མགོ་རྩོམ་པར་རྨང་གཞི་འདིང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།