ཁོ་ལོམ་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རང་གི་མངའ་ཁོངས་ནས་དྲག་ཤུགས་སྤྱད་པར་ངོ་རྒོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2025.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་ལོམ་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་པུས་ལེ་ཡཱ་ཝེ་སུན་ཞི་ཨོ་ཡིས་ཚེས5ཉིན་བསྟན་དོན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་རྒྱལ་ཁབ་རང་གི་མངའ་ཁོངས་སུ་དམག་དོན་སྟོབས་ཤུགས་བེད་སྤྱོད་གཏོང་བའི་སྐོར་གྱི་ལྐོག་བརྡ་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། དབང་ཆ་མ་ཐོབ་པར་ཕྱི་ཕྱོགས་འགུལ་སྐྱོད་ཉིན་རེ་བཞིན་རྒྱུན་ལྡན་ཅན་དུ་འགྱུར་བཞིན་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

པུས་ལེ་ཡཱ་ཝེ་སུན་ཞི་ཨོ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མངོན་གསལ་གྱི་འཐད་པ་མ་བྱུང་བར། རྒྱལ་ཁབ་གང་རུང་གིས་རྒྱལ་ཁབ་གཞན་པའི་མངའ་ཁོངས་སུ་དྲག་ཤུགས་བཀོལ་མི་རུང་བ་དང་། བྱ་སྤྱོད་དེ་ཐད་ཀར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འགལ་ཡོད། དྲག་ཤུགས་སྤྱོད་པར་གཏན་འགོག་དང་བདག་དབང་ལ་བརྩི་འཇོག མངའ་ཁོངས་ཆ་ཚང་ཡོང་བར་བྱེད་པ། དེ་མིན་ཞི་བདེའི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པ་སོགས་ཀྱི་རྩ་དོན་ནི་རྒྱལ་ཁབ་ཚང་མས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་ཚད་བཀག་ནུས་པ་ཡོད་པའི་བཅའ་ཁྲིམས་ཀྱི་འསོ་འགན་ཡིན་ཟེར།

གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། ཁོ་ལོམ་པུ་ཡཱ་ཡིས་དུག་རྫས་གནད་དོན་ཐག་གཅོད་བྱེད་ཆེད་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་བྱས་པར་མ་ཟད་མི་ཤུགས་དང་དངོས་ཤུགས་བཏོན་ཡོད། འཇིགས་ཉེན་དང་ཐེ་གཏོགས། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་ཡིན་ཡང་དུག་འགོག་ལ་ཁ་གཡོར་མི་རུང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།