པུའུ་ཁི་ནཱ་ཧྥ་སོའི་སྲིད་འཛིན་གྱིས་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
2025.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པུའུ་ཁི་ནཱ་ཧྥ་སོ་ཡི་སྲིད་འཛིན་ཐི་ལཱ་ཨོ་ལོས་ཀྱིས་ཚེས5ཉིན་རྒྱལ་ས་ཝ་ཅཱ་ཏུའུ་ཀུའུ་ནས་བསྟན་དོན། པུའུ་ཁི་ནཱ་ཧྥ་སོ་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཐི་ལཱ་ཨོ་ལོས་ཀྱིས་ཉིན་དེར་པུའུ་ཁི་ནཱ་ཧྥ་སོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཀྲའོ་ཏི་ཡུང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། པུའུ་ཁི་ནཱ་ཧྥ་སོ་ཕྱོགས་ཀྱིས་པུའུ་ཁི་ནཱ་ཧྥ་སོ་རུ་དངུལ་གཏོང་བྱེད་དུ་ཡོང་བའི་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་འགན་སྲུང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་འདོད་ཡོད་ཟེར།

ཀྲའོ་ཏི་ཡུང་གིས་ཀྲུང་གོ་དང་པུའུ་ཁི་ནཱ་ཧྥ་སོ་བར་གྱི་འབྲེལ་བ་སླར་གསོ་བྱས་ནས་ལོ་ངོ་བདུན་འགོར་བའི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྲིད་འཛིན་ཐི་ལཱ་ཨོ་ལོས་དང་པུའུ་ཁི་ནཱ་ཧྥ་སོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་པ་དང་ཀྲུང་གོའི་གཅིག་གྱུར་ལས་དོན་ཆེན་མོར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས། ཁོས་བསྟན་དོན། རང་གི་འགན་དབང་ནང་པུའུ་ཁི་ནཱ་ཧྥ་སོའི་ཕྱོགས་ཁག་སོ་སོའི་བར་ལག་རྡང་སྦྲེལ་ནས་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་པུའུ་ཁི་ནཱ་ཧྥ་སོ་བར་གྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲའོ་ཏི་ཡུང་ཟླ7པའི་ཚེས29ཉིན་པུའུ་ཁི་ནཱ་ཧྥ་སོ་རུ་ཡོང་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།