ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་སོ་སོར་པེ་ཉིང་དུ་བྱུང་བའི་སྲིད་འགྱུར་གཡོ་ཇུས་ལ་རྒོལ་གཏམ་དྲག་པོ་བཏང་།
2025.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་ཚེས7ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། པེ་ཉིང་དུ་བྱུང་བའི་སྲིད་འགྱུར་གཡོ་ཇུས་ལ་རྒོལ་གཏམ་དྲག་པོ་བཏང་།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཆབ་སྲིད་འཕེལ་རིམ་ལ་དམིགས་པའི་དམག་དོན་ཐེ་གཏོགས་གང་ཡིན་ཡང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་གཞི་རྩའི་རྩ་དོན་དང་རིན་ཐང་ལྟ་བར་འགལ་ཡོད་ཟེར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡུག་སོ་ཧྥུའུ་ཡིས་ཐེངས་འདིའི་སྲིད་འགྱུར་གཡོ་ཇུས་ལ་ཞུགས་པའི་མི་སྣ་ཚང་མས་མྱུར་མོར་ཁྲིམས་འགུལ་བྱ་སྤྱོད་མཚམས་བཞག་སྟེ། པེ་ཉིང་གི་རྩ་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་གསལ་སྒྲོག་ལས་བཤད་རྒྱུར། སྲིད་འགྱུར་གཡོ་ཇུས་དེ་པེ་ཉིང་གི་རྩ་ཁྲིམས་དང་འགལ་ཡོད་ཅིང་། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་པེ་ཉིང་སྲིད་གཞུང་དང་དེའི་དྲག་ཆས་དམག་དཔུང་གིས་གནས་བབ་ཚོད་འཛིན་བྱེད་པའི་ཐད་འབད་འབུངས་བྱས་པར་ཁས་ལེན་བྱས་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་སྲིད་འགྱུར་དེའི་འཆར་འགོད་མཁན་མི་སྒེར་དང་ཚོགས་པས་ཐེངས་འདིའི་དོན་རྐྱེན་ལས་བཟོས་པའི་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཐད་འགན་ཁུར་དུ་འཇུག་ངེས་ཡིན་ཟེར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་པེ་ཉིང་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱི་དབང་གྲགས་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

པེ་ཉིང་གི་ནང་སྲིད་དང་སྤྱི་བའི་བདེ་འཇགས་པུའུ་ཡི་པུའུ་ཀྲང་སེ་དབྱེ་ཏུའུ་ཡིས་ཚེས7ཉིན་པེ་ཉིང་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཚེས7ཉིན་གྱི་ཞོགས་པར་དམག་མི་སྐོར་ཞིག་གིས་རྒྱལ་ཁབ་དང་དེའི་ལས་ཁུངས་ལ་གཏོར་བརླག་བྱེད་པར་དམིགས་པའི་སྲིད་འགྱུར་སྤེལ་བ་དང་། པེ་ཉིང་དྲག་ཆས་དམག་དཔུང་གིས་དུས་ལྟར་ངོ་རྒོལ་བྱེད་ཐབས་སྤྱད་དེ་གནས་བབ་ཚོད་འཛིན་བྱས་པར་མ་ཟད། ཐེངས་འདིའི་སྲིད་འགྱུར་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།