སོ་ཏི་ཨ་རབ་ཀྱིས་མུའུ་ཁཱ་ལཱ་གྲུ་ཁར་བར་སྣང་འཇབ་རྒོལ་བྱས་ཏེ་ཡེ་མིན་རྒྱལ་ཡོངས་ནས་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱས།
2025.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་གནས་བབ་ཚེས30ཉིན་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། སོ་ཏི་ཨ་རབ་ཀྱིས་ཡེ་མིན་ཤར་ལྷོའི་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་མུའུ་ཁཱ་ལཱ་གྲུ་ཁར་བར་སྣང་འཇབ་རྒོལ་བྱས་པ་དང་། ཡེ་མིན་གྱི་སྲིད་འཛིན་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཡེ་མིན་མངའ་ཁོངས་སུ་ཉིན་དེ་ནས་བཟུང་ཉིན་དགུ་བཅུའི་རིང་ལ་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དཔུང་དང་མི་སྣ། ལྷོ་ཕྱོགས་བརྒལ་ཨུ་ཡོན་ལྷན་ཁང་གི་དམག་དཔུང་བཅས་དུས་ཚོད་ཉེར་བཞིའི་རིང་ཡེ་མིན་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

མིང་བཤད་མི་འདོད་པའི་ཡེ་མིན་གྱི་བདེ་འཇགས་དཔོན་རིགས་ཤིག་གིས་ཚེས30ཉིན་གསར་འགོད་པར་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཡེ་མིན་དུ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་པ་དང་། མུའུ་ཁཱ་ལཱ་གྲུ་ཁའི་ས་ཁོངས་ལ་ཆམ་ཕབ་བཏང་སྟེ་འགས་གཏོར་ཆེན་པོ་བྱུང་ཡོད་ལ། འགས་གཏོར་བྱས་རྗེས་གྲུ་ཁའི་ཉེ་འདབས་སུ་མེ་སྐྱོན་ཆེན་པོ་བྱུང་ཡོད་ཟེར།

མིག་སྔར་ད་རུང་ཡེ་མིན་དཔོན་ཕྱོགས་ཀྱིས་སྤེལ་བའི་བར་སྣང་འཇབ་རྒོལ་ལས་བཟོས་པའི་གྱོང་གུད་དང་མི་སྣའི་ཤི་རྨས་ལ་འབྲེལ་བའི་སྙན་ཞུ་བསྒྲགས་མེད།

སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས30ཉིན་གྱི་ཞོགས་པར་དམག་དོན་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས་ཏེ། མུའུ་ཁཱ་ལཱ་གྲུ་ཁ་ནས་གྲུ་ཐོག་ནས་བླངས་པའི་མཚོན་ཆ་དང་འཐབ་འཁྲུག་རླངས་འཁོར་ལ་ཆམ་ཕབ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཡེ་མིན་ཁྲིམས་མཐུན་སྲིད་གཞུང་གི་གདན་ཞུས་ལྟར། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་སྒྲོམ་གཞིའི་ནང་ཡེ་མིན་དུ་བཅའ་སྡོད་དམག་དཔུང་མངགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཡེ་མིན་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།