
ཕཱ་ལེ་སི་ཐན་སྲིད་གཞུང་དང་ཕྱོགས་ཁག་གཙོ་བོས་ཟླ12པའི་ཚེས31ཉིན་དབྱི་སི་རལ་གྱིས་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས37གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་དང་ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་དུ་བྱ་བ་སྤེལ་བར་གཏན་འགོག་བྱས་པར་རྒོལ་གཏམ་དྲག་པོ་བཏང་།
ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་སྲིད་གཞུང་གིས་ཆོད་དོན་དེར་དག་འབུད་བྱེད་པའི་གྲོས་གཞི་བཏོན་པར་ངོ་རྒོལ་བྱས་པ་དང་། དེ་ནི་ཇག་པའི་བྱ་སྤྱོད་དང་བཙན་པོའི་གཉའ་གནོན་གྱི་བྱ་སྤྱོད་ཅིག་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྲོལ་རྒྱུན་དང་འགལ་ཡོད་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་གང་ཡིན་ཡང་རོགས་སྐྱོར་རྩ་འཛུགས་དེ་དག་གི་རྒྱུན་ལྡན་བྱ་བ་མཚམས་འཇོག་ཏུ་འཇུག་པའམ་དེར་བར་ཆད་བཟོ་བའི་དབང་ཆ་མེད་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་འདུས་པའི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ས་ཁུལ་བདག་ཏུ་འཛིན་པའི་དབང་ཆ་མེད་ཟེར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་རང་དང་རྒྱལ་སྤྱིའི་ཁས་ལེན་ཐོབ་པའི་རྩ་འཛུགས་ཀྱིས་བྱ་བ་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། རྩ་འཛུགས་དེ་དག་གིས་ཕཱ་ལེ་སི་ཐན་མི་དམངས་ལ་གལ་འགངས་ཆེ་བའི་མི་ཆོས་རིང་ལུགས་དང་སྨན་བཅོས་འཕྲོད་བསྟེན་གྱི་རོགས་སྐྱོར་བྱེད་བཞིན་ཡོད་པ་ནན་བཤད་བྱས།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བྱ་སྤྱོད་དེས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་ཉེན་ཁ་བཟོས་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཆབ་སྲིད་ཅན་དུ་བསྒྱུར་བའི་སྣང་ཚུལ་ཞིག་ཡིན་ལ། ཕཱ་ལེ་སི་ཐན་མི་དམངས་ལ་རྒྱུན་ཆད་མེད་པར་དཀའ་སྡུག་མྱོང་དུ་འཇུག་སྲིད་ཟེར། ཧཱ་མཱ་སི་ཡིས་གསལ་སྒྲོག་ནང་མཉམའ་བྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ཆོད་དོན་དེ་རྩིས་མེད་དུ་གཏོང་དགོས་པའི་རེ་བ་འདོན་རྒྱུའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།