ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་མཉམ་འབྲེལ་འཐབ་འཁྲུག་བྱེད་པའི་ནུས་པ་ཇེ་མཐོར་བཏང་།
2016.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧན་གོའི་མཁའ་དམག་གཡུལ་འཐབ་དམག་སྤྱི་ཁང་དང་ཨ་མེ་རི་ཁའི་མཁའ་དམག་རུ་ཁག་བདུན་པས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། མཉམ་འབྲེལ་འཐབ་འཁྲུག་བྱེད་པའི་ནུས་པ་ཇེ་མཐོར་བཏང་། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

བསྒྲགས་པ་ལྟར་ན། ཧན་གོའི་མཁའ་དམག་གི་འཐབ་འཛིང་འཕུར་སྐྱོད་མདའ་ཤོག་ཉི་ཤུ་བ་དང་། འཐབ་འཛིང་འཕུར་སྐྱོད་རུ་ཆེན་སོ་བརྒྱད་པ་སོགས་རུ་ཁག་བཅུ་ལྷག་དང་། ཨ་མེ་རི་ཁའི་མཁའ་དམག་གི་འཐབ་འཛིང་གནམ་གྲུའི་མཉམ་འབྲེལ་རུ་ཁག་ང་གཅིག་པ་དང་། མཚོ་དམག་སྐམ་འཐབ་རུ་ཁག་གི་མཁའ་དམག་རུ་ཁག་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་སྤྱི་ཁང་གི་ཁོངས་སུ་གཏོགས་པའི་རུ་ཁག་ལྔ་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར།

དོ་སྣང་བྱེད་འོས་པ་ཞིག་ལ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ནས་དུས་ཚོད་ཉེར་བཞིའི་རིང་རྒྱུན་བསྲིངས་ནས་འཐབ་འཁྲུག་བྱེད་པའི་རྣམ་པ་སྤྱད་དེ། ཧན་གོའི་མཁའ་དམག་གི་འཐབ་འཁྲུག་བྱེད་པའི་ནུས་པའི་དྲག་ཞན་ལ་བརྟག་རྒྱུ་རེད།

དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཧན་གོའི་མཁའ་དམག་གི་འཐབ་འཛིང་འཕུར་སྐྱོད་རུ་ཆེན་སོ་བརྒྱད་པས་བསྟན་དོན། དཔོན་དམག་ཚོས་དངོས་འཐབ་སྦྱོང་བརྡར་ལ་བརྟེན་ནས་ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་འབྲེལ་གྱིས་འཐབ་འཁྲུག་བྱེད་པའི་ནུས་པ་བདེན་དཔང་བྱས་རྒྱུ་ཡིན་པ་དང་། ང་ཚོས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།