ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ཁྲའོ་ཞན་གྱི་འཕུར་མདའ་ལ་དམིགས་པའི་ཉེན་གཏོང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
2017.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཧན་གོའི་མཚོ་དམག་གིས་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་ཚེས་ཉི་ཤུའི་ཉིན་སོ་སོར་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱེད་པར་ཁ་གཏད་འཇལ་བའི་ཉེན་གཏོང་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དེ་ནི་ན་ནིང་ཟླ་དྲུག་པ་དང་ཟླ་བཅུ་གཅིག་པའི་རྗེས་སུ་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་ཐེངས་གསུམ་པར་སྤེལ་བ་རེད། དམིགས་ཡུལ་ནི་ཁྲའོ་ཞན་གྱི་འཕུར་མདའི་གཏོང་འཕེན་ལ་ཚད་འཇལ་དང་རྗེས་འདེད་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན། དམག་དོན་སྦྱོང་བརྡར་དེ་རྒྱལ་ཁབ་གསུམ་གྱི་མཚོ་ཁོངས་ནས་སོ་སོར་ལག་བསྟར་བྱེད་རྒྱུ་རེད། གལ་ཏེ་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པའི་གནས་ཚུལ་འོག ཕྱོགས་གསུམ་གྱིས་ལད་བཟོའི་དམིགས་འབེན་ལ་ཚད་འཇལ་དང་རྗེས་འདེད་བྱེད་པ་དང་། ཞོར་དུ་གསང་འཕྲིན་མཉམ་སྤྱོད་བྱེད་རྒྱུ་རེད།

དམག་དོན་སྦྱོང་བརྡར་སྐབས་སུ་རྒྱལ་ཁབ་གསུམ་གྱིས་སོ་སོར་མཐར་སྐྲོད་གྲུ་གཟིངས་རེ་མངག་པ་དང་། དེའི་ནང་ཨ་མེ་རི་ཁ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མཐར་སྐྲོད་གྲུ་གཟིངས་སྟེངSM-3རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་འཕུར་མདའ་སྒྲིག་སྦྱོར་བྱས་ཡོད་ལ། རྨིད་ལྔ་བརྒྱ་ལས་བརྒལ་བའི་བར་སྣང་ནས་འཕུར་མདའ་འགོག་ཐུབ་པ་རེད།

ཁྲའོ་ཞན་གྱི་ངལ་རྩོལ་གསར་འགྱུར་ཞེས་པས་ཚེས་ཉི་ཤུ་ཉིན་དཔྱད་བརྗོད་སྤེལ་ཏེ། ཨ་མེ་རི་ཁའི་ཉིང་རྡུལ་འཐབ་འཁྲུག་གི་འཇིགས་ཉེན་ལ་དམིགས་ནས་གླིང་བར་གྱི་འཕུར་མདའ་གཏོང་འཕེན་བྱས་པ་ནི་ལུགས་དང་མཐུན་པའི་རང་སྲུང་བྱ་སྤྱོད་ཅིག་ཡིན། གཞན་པས་ཅི་འདྲ་བཤད་རུང་ཆེས་མཐོའི་མགོ་ཁྲིད་རིམ་པས་གཏན་འཁེལ་བྱས་པའི་དུས་ཚོད་དང་ས་གནས་ནས་གླིང་བར་གྱི་འཕུར་མདའ་གཏོང་འཕེན་བྱེད་ངེས་ཡིན་ཟེར།

ཧན་གོ་དང་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཉེ་སྔོན་ནན་ཕུའུ་གྲོང་ཁྱེར་གྱི་ཀྲིན་ཅིན་འཕུར་མདའི་བཟོ་གྲྭ་ནས་རིང་ཚད་ལ་རྨིད་བཅུ་གཉིས་ཡོད་པའི་གླིང་བར་གྱི་འཕུར་མདའ་གཉིས་ལས་ཡོད་པ་རེད། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་བལྟས་ན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་འགན་ཁུར་བའི་སྐབས་སུ་གླིང་བར་གྱི་འཕུར་མདའ་གཏོང་འཕེན་བྱེད་སྲིད་པར་བསམ་ནས་ཁྲའོ་ཞན་གྱི་ལྟ་རྟོག་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།

ཟླ་འདིའི་ཚེས་བརྒྱད་ཉིན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཡིས་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁྲའོ་ཞན་གྱི་གླིང་བར་གྱི་འཕུར་མདའ་གཏོང་འཕེན་བྱེད་པའི་གྲ་སྒྲིག་བྱ་བ་དེ་ཆེས་མཇུག་མཐའི་དུས་རིམ་དུ་བསླེབ་ཡོད་ལ། དུས་ངེས་མེད་དུ་གཏོང་འཕེན་བྱས་ཆོག་ཟེར། ཁྲའོ་ཞན་གྱིས་བལྟས་ན། ཁྲའོ་ཞན་གྱིས་གླིང་བར་གྱི་འཕུར་མདའ་གསར་སྤེལ་བྱེད་པ་ནི་རང་སྲུང་ནུས་པར་ཤུགས་སྣོན་བྱས་ཏེ། ཨ་མེ་རི་ཁའི་མངོན་སུམ་འཛེམ་མེད་ཀྱི་ཉིང་རྡུལ་ནུས་པའི་འཐབ་འཁྲུག་འཇིགས་ཉེན་ལ་ཁ་གཏད་འཇལ་བའི་ཆེད་ཡིན་ཟེར་ཡང་། ཨ་མེ་རི་ཁས་ཁྲའོ་ཞན་གྱི་བཀག་སྡོམ་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཁྲའོ་ཞན་གྱི་འཕུར་མདའི་གཏོང་འཕེན་གྱི་གྲ་སྒྲིག་བྱ་བ་དེ་ནི་དཀྲུག་འཕེན་དང་འཇིགས་ཉེན་ཞིག་ཡིན་པར་བརྗོད་ཀྱིན་ཡོད།