ཕཱ་ཁི་སི་ཐན་གྱིས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
2017.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒྱལ་ཁབ་མང་བོའི་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་བཅུ་ཉིན་ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ལཱ་ནས་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་པའི་ཆེད་དུ་རེད།

ཕཱ་ཁི་སི་ཐན་མཚོ་དམག་གི་དམག་དཔོན་ཨ་རོས་ཧྥུའུ་ལཱ་ཧི་སེ་ནེ་ཡིས་ཉིན་དེར་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་པའི་ལས་རིམ་དང་ལག་རྩལ་གཏན་འབེབ་བྱེད་པའི་ཆེད་དུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེ་ས་ཁུལ་རང་གི་མི་སྣའི་ལྐོག་འགྲོས་དང་དུག་རྫས་ལྐོག་འཚོང་། འཇིགས་སྐུལ་རིང་ལུགས་བཅས་ལ་ཆམ་ཕབ་གཏོང་བར་ཕན་ཐོགས་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་འཕྲིན་ཡིག་བཏང་སྟེ། ཧིན་རྡུ་རྒྱ་མཚོའི་ས་ཁུལ་གྱི་མཚོ་ཐོག་བདེ་འཇགས་འགྲན་རྩོད་ནི་རྣམ་པ་སྣ་ཚོགས་སུ་མངོན། མཚོ་ཐོག་གི་འཇིགས་སྐུལ་རིང་ལུགས་དང་དུག་རྫས་ལྐོག་འཚོང་། མཚོ་ཇག་སོགས་ཀྱི་བདེ་འཇགས་འཇིགས་ཉེན་ལ་འཕྲད་ཡོད་པས། རྒྱལ་སྤྱིའི་མཚོ་དམག་གི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་དགོས་གལ་ཧ་ཅང་ཆེ། ཨ་རབ་མཚོ་ཁོངས་ཀྱི་མཚོ་ཐོག་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཕྱོགས་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཕཱ་ཁི་སི་ཐན་གྱིས་ས་ཁུལ་རང་གི་མཚོ་འགྲུལ་རང་དབང་དང་རྒྱ་མཚོའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཀྲུང་གོ་དང་ཨ་མེ་རི་ཁ། ཨུ་རུ་སི། དབྱིན་ཇི། འཇར་པན། ཨོ་སི་ཁྲུ་ལི་ཡཱ་སོགས་རྒྱལ་ཁབ་སོ་བདུན་ནས་ཡོང་བའི་གྲུ་གཟིངས་བཅོ་ལྔ་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་སྐོར་གཡེང་གནམ་གྲུ་གཉིས། གྱེན་འཕུར་གནམ་གྲུ་ལྔ། དམིགས་བསལ་དམག་དཔུང་རུ་ཁག་བཅུ་གཅིག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་དེ་གྲུ་ཁའི་སྦྱོང་བརྡར་དང་མཚོ་ཐོག་གི་སྦྱོང་བརྡར་བཅས་དུས་རིམ་གཉིས་སུ་བགོས་ཡོད་ལ། གཙོ་བོ་མཚོ་ཐོག་རྒུད་སྐྱོབ་དང་མཚོ་ཇག་ལ་ངོ་རྒོལ། མཚོ་ཐོག་གི་མཁོ་སྒྲུབ། འཇིགས་སྐུལ་ལ་ངོ་རྒོལ་སོགས་འདུས།