སུའུ་ཏན་དང་སོ་ཏི་ཨ་རབ་ཀྱི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་མཇུག་སྒྲིལ།
2017.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

སོ་ཏན་དང་སོ་ཏི་ཨ་རབ་ཀྱི་མཁའ་དམག་གིས་ཚེས་དགུ་ཉིན་ཡུན་ཚད་ཉིན་བཅུའི་རིང་གི་མཁའ་དམག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ། དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཐོག་དང་པོར་སྤེལ་བའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་མཉམ་དུ་ངོ་ལོག་དྲག་ཆས་པར་ཆམ་ཕབ་གཏོང་བའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་རེད།

སུའུ་ཏན་མཁའ་དམག་གི་དམག་སྤྱི་གཞོན་པ་ཧཱ་ལེ་ཁི་ཡིས་ཚེས་དགུའི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དམག་དོན་སྦྱོང་བརྡར་སྤེལ་བ་ལེགས་འགྲུབ་བྱུང་བ་དང་། ཕྱོགས་གཉིས་ཀྱི་སྔོན་དཔག་གི་དམིགས་ཡུལ་དུ་བསླེབ་ཡོད་ཟེར། དམག་དོན་སྦྱོང་བརྡར་ལས་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་མཉམ་འབྲེལ་གྱིས་འཐབ་འཁྲུག་བྱེད་པའི་ཉམས་མྱོང་དང་རྩལ་ནུས་བསགས་པ་དང་། བཀོད་འདོམ་དང་གསང་འཕྲིན་བརྗེ་རེས་ཀྱི་ཐབས་ལམ་ཇེ་ཆེར་བཏང་སྟེ། མཉམ་དུ་ཡེ་མིན་གྱི་ཧུའུ་སེ་ངོ་ལོག་དམག་དཔུང་ལ་ཆམ་ཕབ་གཏོང་བའི་ནུས་པ་ཇེ་མཐོར་བཏང་ཡོད་ཟེར།

ཧཱ་ལེ་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་བྱང་ངོས་ཀྱི་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ཡོད་པའི་མཱེ་ལོ་མཁའ་དམག་རྟེན་གཞི་ནས་སྤེལ། སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་དང་སོ་ཏི་ཨ་རབ་ཀྱི་མཁའ་དམག་གི་དམག་སྤྱི་ཨོ་ཐེ་པུས་གཉིས་ཀྱིས་དངོས་སུ་ལྟ་ཞིབ་དང་མཛུབ་སྟོན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་སུའུ་ཏན་གྱིས་མཁའ་དམག་བཞི་བརྒྱ་དང་ལྔ་བཅུ་དང་། མུས་ཀི-29རྟགས་ཅན་དང་སུའུ-24རྟགས་ཅན་གྱི་ཆེས་སྔོན་ཐོན་གྱི་འཐབ་འཛིང་གནམ་གྲུ་ཉེར་དགུ་མངག་པ་དང་། སོ་ཏི་ཨ་རབ་ཀྱིས་མཁའ་དམག་ཉིས་བརྒྱ་དང་ལྔ་བཅུ་དང་འཐབ་འཛིང་གནམ་གྲུ་བཅོ་བརྒྱད་མངག་པ་རེད།