ཧྥེ་ལེ་པེན་དང་ཨ་མེ་རི་ཁས་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།
2017.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་ཧྥེ་ལེ་པེན་རྒྱལ་ཁབ་གཉིས་ཀྱིས་ཟླ་ལྔ་བར་དུས་ཡུན་ཉིན་བཅུ་གཉིས་ཡིན་པའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་རྒུད་སྐྱོབ། འཇིགས་སྐུལ་ངོ་རྒོལ་བཅས་ཡིན་ཟེར།

ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་ཧྥེ་ལེ་པེན་བྱང་ཕྱོགས་ཀྱི་ལོས་སུང་གླིང་ཕྲན་དང་དབུས་ཕྱོགས་ཀྱི་མུས་ཧྲ་ཡན་ས་ཁུལ་གྱི་གནས་མང་བོ་ནས་སྤེལ་རྒྱུ་ཡིན་པ་དང་། ནང་དོན་ལ་མདེལ་དངོས་མ་གཏོང་འཕེན་བྱེད་པ་དང་། སྟབས་བདེའི་འགད་རྫས་གཏོར་ལེན་བྱེད་པའི་སྦྱོང་བརྡར། མཚོ་ཐོག་གི་བཀག་འགོག སྐམ་མཚོ་གཉིས་ཀྱི་ཐོལ་རྒོལ་སོགས་འདུས་ཟེར། གསལ་སྒྲོག་ལས་ཕྱོགས་གཉིས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ག་ཚོད་ཡིན་པ་གསལ་བོར་བཤད་མེད།

ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་གསར་འགྱུར་དཔོན་པོ་ཁི་ཞི་ནཱ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་རང་བྱུང་གནོད་འཚེ་ཐག་གཅོད་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འདོན་སྤྲོད་བྱེད་པ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་བཅས་ཐད་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་པ་ལྟར་ན། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྐབས་སུ། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་ཕྱོགས་ཀྱིས་མི་སྣ་མངག་ནས་སྦྱོང་བརྡར་རྣམ་གྲངས་གཙོ་བོར་ཞུགས་རྒྱུ་ཡིན་པ་དང་། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ད་རུང་རྒྱལ་ཁབ་གཞན་པའི་དམག་དཔུང་རྒྱལ་སྤྱིའི་ལྟ་ཞིབ་པའི་ཚུལ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས་པར་གདན་ཞུ་བྱས་ཡོད་ཟེར།