རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་ཀི་ལུའུ་ཅི་ཡཱ་ནས་སྤེལ།
2017.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 256

ཚབ་མིང་ལ་ཉིས་སྟོང་བཅུ་བདུན་ལོའི་མྱུར་སྟོབས་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་ཚེས་གསུམ་ཉིན་ཀི་ལུའུ་ཅི་ཡཱའི་ལྷོ་ཕྱོགས་ཀྱི་ཨོ་ཨར་པའོ་ལོ་དམག་དོན་རྟེན་གཞི་ནས་སྤེལ་མགོ་བརྩམས།

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། པུར་ཀ་རི་ཡཱ། ལཱ་ཐའོ་ཝེ་ཡཱ། རོ་མཱ་ནི་ཡཱ། ཨ་སེད་པེད་ཅང་། ཀི་ལུའུ་ཅི་ཡཱ་བཅས་ནས་ཡོང་བའི་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་པ་དང་། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་དག་གི་དམག་དཔུང་བར་གྱི་རོགས་ལས་འཐབ་འཁྲུག་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། དངོས་འཐབ་ཆུ་ཚད་ཇེ་མཐོར་བཏང་སྟེ་སྔར་ལས་བཟང་བའི་སྒོ་ནས་མཚོ་ནག་དང་ཀའོ་ཅཱ་སོ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ཟེར།

ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བཀོད་འདོམ་ཁང་གི་སྦྱོང་བརྡར་དང་ཕྱི་རོལ་ཡུལ་གྱི་སྦྱོང་བརྡར་བཅས་ཁག་གཉིས་ཡོད་པ་དང་། ཚེས་བཅུ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་ལོ་རེར་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ནས་ཚབ་མིང་ལ་མྱུར་སྟོབས་ཞེས་པའི་དམག་དོན་སྦྱོང་བརྡར་ཐེངས་རེར་སྤེལ་བཞིན་ཡོད་པ་རེད། ཉིས་སྟོང་བཅོ་ལྔ་ལོར་དམག་དོན་སྦྱོང་བརྡར་དེ་ཐོག་མར་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནས་རྒྱལ་ཁབ་མང་བོ་ཞུགས་ཆོག་པར་རྒྱ་བསྐྱེད་པ་རེད།