ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐམ་དམག་སློབ་གླིང་གི་སློབ་གཙོའི་གླེང་སྟེགས་གྲོལ།
2019.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཚོགས་ཡུན་ཉིན་དྲུག་ཡིན་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐམ་དམག་སློབ་གླིང་གི་སློབ་གཙོའི་གླེང་སྟེགས་དེ་ཚེས་བཅུ་དྲུག་ཉིན་ཀྲུང་གོའི་ནན་ཅིན་ནས་གྲོལ། 

གླེང་སྟེགས་དེ་ནི་ཀྲུང་གོའི་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། བཅོས་བསྒྱུར་དུས་རབས་སུ་སྐམ་དམག་གི་དམག་དཔོན་གསོ་སྐྱོང་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད་ལ། གཙོ་བོ་སྐམ་དམག་གི་རྣམ་པ་བསྒྱུར་བ་དང་། རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་ནས་འཕྲད་པའི་གནད་དོན་གལ་ཆེན། དེ་མིན་རྒྱལ་ཁབ་སོ་སོའི་སློབ་གསོའི་ཐད་ཀྱི་ཉམས་མྱོང་བཟང་བོ་བཅས་ཀྱི་ཐད་ནས་གྲོས་བསྡུར་དང་བརྗེ་རེས་བྱས། པཱ་ཞི་དང་ཨེ་ཅིབ། ཨ་ཧྥེ་རི་ཁ་ལྷོ་མ་སོགས་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་དམག་དོན་སློབ་གླིང་བདུན་དང་རང་རྒྱལ་གྱི་སྐམ་དམག་སློབ་གླིང་བཅུ་ལྷག་གི་འཐུས་མི་གླེང་སྟེགས་ལ་ཞུགས། 

ཀྲུང་གོའི་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་སློབ་གཙོ་ཝང་ཅིན་ལུང་གིས་མཚམས་སྦྱོར་བྱས་དོན། མ་འོངས་པའི་སྐམ་དམག་དམག་དཔོན་གྱིས་སྔར་ལས་རྙོག་འཛིང་ལྡན་ཞིང་འགྱུར་ལྡོག་ཆེ་བའི་ལས་འགན་ཁོར་ཡུག་ལ་གདོང་གཏོད་དགོས་པས། སྐམ་དམག་གི་རྣམ་པ་བསྒྱུར་བའི་དགོས་མཁོ་དང་། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས། སློབ་གསོའི་རྣམ་པའི་བཅོས་བསྒྱུར་བཅས་དང་འཚམ་དགོས་ལ། ཀྲུང་ཕྱིའི་སྐམ་དམག་སློབ་གླིང་གིས་མཉམ་དུ་བཅོས་བསྒྱུར་དུས་རབས་ཀྱི་སྐམ་དམག་གི་དམག་དཔོན་གསོ་སྐྱོང་བྱེད་པར་གྲོས་བསྡུར་དང་རང་རང་གི་ཉམས་མྱོང་བཟང་བོ་བརྗེ་རེས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར། 

གླེང་སྟེགས་ཀྱི་སྐབས་སུ། ཚོགས་ཞུགས་འཐུས་མི་དག་གིས་དམག་དཔོན་གསོ་སྐྱོང་བྱས་ཏེ་ཚན་རྩལ་འཕེལ་རྒྱས་དང་། རྙོག་འཛིང་ཆེ་ཞིང་ངེས་གཏན་མེད་པའི་ལས་འགན་ཁོར་ཡུག་ལ་ཇི་ལྟར་གདོང་གཏོད་པ་དང་། དམག་དཔོན་གསོ་སྐྱོང་བྱས་ཏེ་ཚན་རིག་རིག་གནས་སློབ་གསོ་བཅས་དང་ལས་གནས་འགན་འཁྲིའི་གསོ་སྦྱོང་གི་འབྲེལ་བ་ཇི་ལྟར་ཐག་གཅོད་པ་སོགས་ཀྱི་གྲོས་གཞིའི་ཐད་ནས་དཔྱད་བསྡུར་དང་བརྗེ་རེས་བྱས་པར་མ་ཟད། སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་སློབ་ཁྲིད་སྒྲིག་ཆས་ལ་ལྟ་སྐོར་བྱས་པ་དང་། སློབ་མའི་དམག་དོན་སྦྱོང་བརྡར་ལ་ལྟ་ཞིབ་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།