དྲག་ཆས་ཉེན་རྟོག་དམག་དཔུང་གི་ཉིས་སྟོང་བཅུ་དགུ་ལོའི་ལྕགས་རི་རིང་བོ་ཞེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས་སྤེལ་མགོ་བརྩམས། 
2019.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚོགས་ཡུན་ཉིན་བཞི་ཡིན་པའི་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཉིས་སྟོང་བཅུ་དགུ་ལོའི་ལྕགས་རི་རིང་བོ་ཞེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས་ཚེས་བཅོ་བརྒྱད་ཉིན་དྲག་ཆས་ཉེན་རྟོག་སློབ་གླིང་ནས་སྤེལ་མགོ་བརྩམས། ཀྲུང་གོ་དང་ཕཱ་ཁི་སི་ཐན། ཧྥ་རན་སི། དབྱི་སི་རལ། ཝུའུ་ཙི་པེ་ཁི་སི་ཐན་སོགས་རྒྱལ་ཁབ་སོ་གཅིག་གི་རིགས་མཐུན་ལས་འགན་ཁུར་བའི་དམག་དཔུང་གི་འཐུས་མི་ཉིས་བརྒྱ་དང་བཞི་བཅུ་ལྷག་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། 

ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་རིགས་མཐུན་ལས་རིགས་བར་མཉམ་ལས་སྟེགས་བུ་ལས་ཏེ་གྲུབ་འབྲས་བརྗེ་རེས་མཉམ་སྤྱོད་བྱས་ཤིང་། མཉམ་དུ་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་སོ་སོའི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད། ཀྲུང་གོའི་དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་སྤྱི་གཞོན་པ་ཆིན་ཐེན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ང་ཚོས་སྒོ་འབྱེད་ཀྱི་རྣམ་པ་དང་དངོས་གཉེར་གྱི་བྱ་སྤྱོད་ལ་བརྟེན་ནས། རྒྱལ་ཁབ་སོ་སོའི་རིགས་མཐུན་ལས་རིགས་བར་ལྕགས་རི་རིང་བོ་ཞེས་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་འདི་གསར་སྐྲུན་བྱེད་པ་དང་། བརྗེ་རེས་རྒྱ་ཆེར་སྤེལ་བ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། རང་རང་དམག་དཔུང་གི་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་གཏོང་བ་དང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། གླེང་སྟེགས་དེས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩལ་བྱེད་ཐབས་ལ་མཉམ་དུ་ཞིབ་བསྡུར་བྱེད་པ། གཞུང་ལུགས་དང་ལག་ལེན་གྲུབ་འབྲས་མཉམ་སྤྱོད་བཅས་དམིགས་ཡུལ་དུ་བཟུང་སྟེ། ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས་ལྔ་རྩ་འཛུགས་བྱེད་རྒྱུ་མ་ཟད། རྩལ་ནུས་འཁྲབ་སྟོན་དང་སྒྲིག་ཆས་འགྲེམ་སྟོན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་ར་བའི་སྒྲིག་ཆས་ལ་ལྟ་ཞིབ་བྱེད་པ་སོགས་བྱ་འགུལ་བབ་བསྟུན་གྱིས་སྤེལ་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།