ཐུར་ཁེའི་ཙུང་ཐུང་གིས་ཨ་མེ་རི་ཁསS-400མཁའ་སྲུང་འཕུར་མདའི་མ་ལག་གནད་དོན་ཐད་ནས་ཐུར་ཁེ་ལ་བཀག་སྡོམ་བྱེད་ན་ཕྱིར་རྒོལ་ལན་སྤྲོད་ངེས་པའི་ཚུལ་བསྟན། 
2019.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཐུར་ཁེས་ཨུ་རུ་སིའིS-400མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པའི་ཐད་ནས་བཀག་སྡོམ་བྱེད་ཐབས་སྤྱད་ན། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁ་གཉིས་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པས། ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་ཐད་ནས་སེམས་ཆུང་གི་རྣམ་འགྱུར་སྟོན་དགོས། བྱང་ཆིངས་རྩ་འཛུགས་ཀྱི་ཆེས་སྟོབས་དང་ལྡན་པའི་ཁོངས་གཏོགས་རྒྱལ་ཁབ་ཐུར་ཁེ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁའི་བཀག་སྡོམ་ཐད་ནས་ཁ་རོག་ཏུ་སྡོད་མི་སྲིད་པ་དང་། ང་ཚོས་རང་ཉིད་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། ཐུར་ཁེ་ཡིས་ཨུ་རུ་སིའིS-400མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པའི་ཉོ་ཚོང་བྱ་བ་ཡོངས་འགྲུབ་བྱས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་བདུན་པར་ཐུར་ཁེ་ལS-400མཁའ་སྲུང་འཕུར་མདའི་མ་ལག་སྐོར་དང་པོ་རྩིས་སྤྲོད་བྱེད་རྒྱུ་ཡིན་ལ། ཁོ་ཟླ་འདིའི་ཟླ་མཇུག་ཏུ་འཇར་པན་གྱི་ཏཱ་པན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བར་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁས་བཤད་པའི་གལ་ཏེ་ཐུར་ཁེ་ཡིསS-400མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱས་ནF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཐོབ་ཐབས་མེད་པའི་གནད་དོན་ལ་དམིགས་ཏེ། ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ད་ལྟའི་བརF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཆེད་དུ་ཨ་མེ་རི་ཁ་ཕྱོགས་ལ་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་བྱིན་ཡོད་ཀྱང་། ཨ་མེ་རི་ཁས་ནོར་འཆུག་གི་བྱ་སྤྱོད་སྤེལ་ན། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་མ་དངུལ་ཕྱིར་ལྡོག་དགོས་པའི་རེ་བ་འདོན་ངེས་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།