ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་དགུ་ཉིན་གྱི་དགོང་མོར་འཕུར་མདའ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་གློག་འདོན་བཟོ་གྲྭ་ཞིག་ལ་དཔུང་འཇུག་བྱས་ཟེར།
ཧུའུ་སེ་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཉིན་དེར་བསྟན་དོན། དྲག་ཆས་པས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་སྐོར་ཞིབ་འཕུར་མདའ་བཀོལ་ནས་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ཅི་ཙན་ཞིང་ཆེན་གྱི་གློག་འདོན་བཟོ་གྲྭ་ཞིག་ལ་དཔུང་འཇུག་བྱས་པ་དང་། འཕུར་མདའ་དེ་དམིགས་འབེན་ལ་ཕོག་ཡོད་ཟེར།
གཞན་ཡང་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་མཚོ་ཆུ་དྭངས་བསྒྱུར་གྱི་བཟོ་གྲྭ་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཀྱང་། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་མེད་ཟེར།
སོ་ཏི་ཨ་རབ་ལ་ཉེ་སྔོན་ཧུའུ་སེ་དྲག་ཆས་པའི་འཇིགས་ཉེན་ཐེབས་བཞིན་ཡོད། ཚེས་བཅུ་བཞིའི་ཉིན། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཡེ་མིན་གྱི་མི་བསྡད་མེད་པའི་དྲག་ཆས་གནམ་གྲུ་ལྔ་བཀག་ནས་སར་འཕངས་པ་རེད། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་དེ་དག་གིས་སྐབས་ཐོག་དེར་ཨ་ཞི་ཨར་ཞིང་ཆེན་གྱི་ཨེ་པུའུ་ཧཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧེ་མུས་སི་མུའུ་ཞེ་ཐི་གྲོང་ཁྱེར་ལ་དཔུང་འཇུག་བྱེད་རྩིས་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།