ཨུ་རུ་སིའི་ཉིས་སྟོང་བཅུ་དགུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་སྤེལ་མགོ་བརྩམས། 
2019.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅུ་དགུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་དེ་ཚེས་ཉེར་ལྔ་ཉིན་མའོ་སི་ཁིའི་ཉེ་འདབས་ཀྱི་རྒྱལ་གཅེས་མཁན་སྤྱི་གླིང་ནས་སྤེལ་མགོ་བརྩམས། སྔོན་ཆད་དང་འདྲ་བར་སྐབས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཨུ་རུ་སི་དང་རྒྱལ་ཁབ་གཞན་པའི་སྔོན་ཐོན་དམག་དོན་ལག་རྩལ་དང་མཚོན་ཆ་སྒྲིག་ཆས་འགྲེམ་སྟོན་བྱས་ཏེ། རྒྱལ་ཁབ་སོ་སོའི་དམག་ཕྱོགས་དང་དམག་དོན་བཟོ་ལས། ཚན་རིག་ཞིབ་འཇུག་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 

ཉིས་སྟོང་བཅུ་དགུ་ལོའི་དམག་དཔུང་ཞེས་པའི་གླེང་སྟེགས་དྲ་བས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཉིན་དེའི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་དམག་དཔུང་ཞེས་པའི་གླེང་སྟེགས་ཀྱིས་ཨུ་རུ་སིའི་དམག་དམངས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། དམག་དཔུང་གི་ཟིལ་ཤུགས་དར་སྤེལ་བྱེད་པ། ན་གཞོན་དག་ལ་རྒྱལ་སྲུང་སློབ་གསོ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། སྐབས་འདིའི་གླེང་སྟེགས་ཀྱི་བྱ་འགུལ་གཙོ་བོ་ནི་འབྲེལ་ཡོད་རྒྱལ་ཁབ་བར་གྱི་སྒྲིག་ཆས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་སོ་སོའི་དམག་དོན་བཟོ་ལས་ལས་ཁུངས་དང་དམག་ཕྱོགས་འཐུས་མིས་གླེང་སྟེགས་སྟེང་སྒྲིག་ཆས་གསར་སྤེལ་བྱས་པའི་ཉམས་མྱོང་བརྗེ་རེས་བྱས་ཏེ། ལག་རྩལ་གསར་སྤེལ་ཐད་ནས་གསར་གཏོད་འཚོལ་ཞིབ་བྱེད་རྒྱུ་མ་ཟད། དམག་དཔུང་གི་འཕེལ་རྒྱས་ཐབས་ཇུས་ལ་གྲོས་བསྡུར་བྱེད་པ་སོགས་འདུས། 

བསྒྲགས་པ་ལྟར་ན། བསྡོམས་པས་ཨུ་རུ་སི་དང་ཕྱི་རྒྱལ་གྱི་ལས་ཁུངས་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་དམག་དོན་ལག་རྩལ་གྱི་འགྲེམ་སྟོན་དངོས་རྫས་ཁྲི་གཉིས་དང་སྟོང་བདུན་ཁྱེར་ནས་སྐབས་འདིའི་གླེང་སྟེགས་ལ་ཞུགས་པ་དང་། རྒྱལ་ཁབ་བརྒྱ་དང་སུམ་ཅུ་ལྷག་གི་དམག་ཕྱོགས་འཐུས་ཚབ་ཚོགས་པ་གླེང་སྟེགས་ཀྱི་བྱ་འགུལ་ལ་ཞུགས། གླེང་སྟེགས་ཀྱི་འགྲེམ་སྟོན་དེ་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ལྟད་མོ་བའི་སྤྱི་གྲངས་མི་ཐེངས་ས་ཡ་གཅིག་ལས་བརྒལ་སྲིད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།