ཨུ་རུ་སི་དང་ཨ་མེ་རི་ཁ། དབྱི་སི་རལ་བཅས་རྒྱལ་ཁ་གསུམ་གྱི་དབྱི་ལིང་གི་གནད་དོན་དང་འབྲེལ་བའི་གནད་དོན་ལ་གྲུབ་འབྲས་ཅི་ཡང་བྱུང་མེད། 
2019.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཨུ་རུ་སི་དང་ཨ་མེ་རི་ཁ། དབྱི་སི་རལ་བཅས་རྒྱལ་ཁབ་གསུམ་གྱིས་ཚེས་ཉེར་ལྔ་ཉིན་ཡེ་ལུའུ་སཱ་ལེམ་ནས་གྲོས་མོལ་བྱས་ཏེ། གཙོ་བོ་དབྱི་ལིང་གི་སི་རི་ཡཱའི་དམག་དོན་བཀོད་སྒྲིག་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གསུམ་གྱི་ལངས་ཕྱོགས་ལ་བར་ཁྱད་ཆེ་བའི་དབང་གིས་གྲོས་ཚོགས་ནས་གྲོས་མཐུན་དང་ཐུན་མོང་གི་ལྟ་ཚུལ་གང་རུང་བཀོད་མེད། 

གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་བཅས་ཀྱིས་རང་རང་གིས་དབྱི་ལིང་ལ་བཟུང་བའི་ལངས་ཕྱོགས་གསལ་བོར་བསྟན། 

པའོ་ཨར་ཏོན་གྱིས་དབྱི་ལིང་ནི་ས་ཁུལ་དེའི་འཐབ་འཁྲུག་དང་བཙན་འཛུལ་བྱ་སྤྱོད་ཀྱི་མགོ་ཁུངས་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་མཁོ་འདོན་ལ་འཇིགས་ཉེན་བཟོས་ཡོད་ཟེར། ཁོས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་བསྐྱུར་བ་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་ཚོགས་མགོ་རྩོམ་སྐབས་གཏམ་བཤད་སྤེལ་ཏེ། དབྱི་ལིང་ངེས་པར་དུ་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་དགོས་པ་བསྐྱར་སྒྲོག་བྱས། ཁོས་ཉིས་སྟོང་བཅུ་གཅིག་ལོའི་རྗེས་སུ་སི་རི་ཡཱ་རུ་ཡོང་བའི་ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། དེ་ཨུ་རུ་སི་དང་ཨ་མེ་རི་ཁ། དབྱི་སི་རལ། སི་རི་ཡཱ་བཅས་ལ་ཕན་ཐོགས་ཡོད་པར་འདོད། ཁོས་ཐེངས་འདིའི་གྲོས་ཚོགས་ནས་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། 

ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གི་ཨུ་རུ་སིའི་མནའ་མཐུན་གྲོགས་པོ་ཡིན་པས། དབྱི་ལིང་ནི་ས་ཁུལ་དེའི་འཇིགས་ཉེན་ཡིན་པར་ཡིད་འཐད་མིན་པ་དང་། དབྱི་ལིང་གིས་སི་རི་ཡཱ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་ནས། ས་ཁུལ་གྱི་གཏན་འཇགས་ཐད་བྱས་རྗེས་བཞག་ཡོད་ཟེར། དེ་ལས་གཞན་ཁོས་ཉེ་སྔོན་མཚོ་ཁུགས་ས་ཁུལ་ནས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་ཉེས་པ་དེ་དབྱི་ལིང་གི་མགོར་འཇོག་པར་ངོ་རྒོལ་བྱས་པ་དང་། འཇབ་རྒོལ་དོན་རྐྱེན་དེར་རྟོག་དཔྱོད་གསལ་བོ་བྱེད་དགོས་པར་འདོད། ཁོས་ད་རུང་དབྱི་ལིང་གིས་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་སར་འཕངས་པར་དག་འབུད་བྱས་པ་དང་། སར་འཕངས་པའི་མི་བསྡད་མེད་པའི་གནམ་གྲུ་དེ་དབྱི་ལིང་གི་མངའ་ཁོངས་སུ་བསླེབ་ཡོད་ཟེར། དབྱི་སི་རལ་གྱིས་རྒྱལ་ཁོངས་བརྒལ་ནས་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་པའི་ཐད་ནས་ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བཤད་རྒྱུར། དེ་ནི་དགའ་བསུ་མི་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་སེམས་ཁུར་བྱེད་པ་དེར་ལན་ཐོབ་འོས་ཀྱང་། དམག་དོན་མ་ཡིན་པའི་བྱེད་ཐབས་ལ་བརྟེན་དགོས་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།