རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་སཱ་ནཱ་རུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་གཏོར་བཤིག་བཏང་། 
2019.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་ཧུའུ་སེ་དྲག་ཆས་པའི་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་ཡོད་པའི་དམག་དོན་དམིགས་འབེན་དྲུག་ལ་གཏོར་བཤིག་བཏང་། 

མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པས་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་སཱ་ནཱ་རུ་ཡོད་པའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མཁའ་སྲུང་ས་ཚིགས་ལྔ་དང་འཕུར་མདའི་གསོག་ཉར་ཁང་གཅིག་ལ་གཏོར་བཤིག་བཏང་ནས། ཧུའུ་སེ་དྲག་ཆས་པས་མི་སེར་དཀྱུས་མའི་བདེ་འཇགས་དང་མཁའ་འགྲུལ་བདེ་འཇགས་ལ་ཉེན་ཁ་བཟོ་བའི་དམག་དོན་ནུས་པ་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱས་པ་ཡིན་ཟེར། 

མགྲིན་ཚབ་པ་དེས་ནན་གྱིས་བསྟན་དོན། ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱེད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་ཞིང་། མཉམ་འབྲེལ་དམག་དཔུང་གིས་འགུལ་སྐྱོད་ལག་བསྟར་བྱེད་སྐབས་སྔོན་འགོག་བྱེད་ཐབས་སྤྱད་དེ། དམིགས་འབེན་ཉེ་འདབས་ཀྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།