ཨེ་ཅིབ་དང་ཨ་མེ་རི་ཁ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་མཚོ་དམར་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། 
2019.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཨེ་ཅིབ་དང་ཨ་མེ་རི་ཁ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་མཚོ་དམག་དང་མཁའ་དམག་གིས་མཚོ་དམར་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། སོ་ཏི་ཨ་རབ་ལྟ་ཞིབ་རྒྱལ་ཁབ་ཀྱི་ཚུལ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཚེས་ཉེར་གཉིས་ཉིན་ནས་མགོ་བརྩམས་པ་དང་། ཉིན་འགའི་རིང་མུ་མཐུད་དུ་སྤེལ་རྒྱུ་རེད་ཟེར། 

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མ་སྤེལ་གོང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། དོགས་ཡོད་གྲུ་གཟིངས་སྔོག་བཤེར་བྱེད་པ་སོགས་ནང་དོན་ཐད་ནས་སྦྱོང་བརྡར་བྱེད་རྒྱུ་གཏན་འཁེལ་བྱས། 

ཨེ་ཅིབ་ཀྱིས་དུས་བཅད་ལྟར་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་། ནུབ་ཕྱོགས་རྒྱལ་ཁབ་བཅས་ཀྱི་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད། ཉེ་བའི་ལོ་གཅིག་ལྷག་གི་རིང་ལ། ཨེ་ཅིབ་ཀྱིས་སྔ་གཞུག་ཏུ་ཨ་མེ་རི་ཁ་དང་། ཧྥ་རན་སི། དབྱི་ཐཱ་ལེ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི་བཅས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མྱོང་བ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།