ཨུ་རུ་སི་ཡིས་ཐུར་ཁེ་བར་གྱི་དམག་དོན་ལག་རྩལ་གྱི་འབྲེལ་འདྲིས་རྒྱ་བསྐྱེད་པའི་འཆར་གཞི་ཡོད།
2019.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨུ་རུ་སིའི་རྒྱལ་སྲུང་ཐོན་རྫས་ཕྱིར་གཏོང་ཀུང་ཟིའི་སྤྱི་གཉེར་བ་མུས་ཧི་ཡེ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་མའོ་སི་ཁོ་ནས་བཤད་རྒྱུར། ཐུར་ཁེ་ལ་རྩིས་སྤྲོད་བྱེད་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཡོངས་འགྲུབ་བྱས་རྗེས། ཨུ་རུ་སི་ཡིས་ཐུར་ཁེའི་བར་གྱི་དམག་དོན་ལག་རྩལ་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་སྔར་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་ལས་ལས་གཞིའི་ལག་བསྟར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ཡོད་ཟེར། 

མུས་ཧི་ཡེ་ཧྥུའུ་ཡིས་བཤད་རྒྱུར། S-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་རྩིས་སྤྲོད་བྱས་པ་ལས་ཐུར་ཁེའི་མཁའ་སྲུང་མ་ལག་ཇེ་དྲག་ཏུ་བཏང་ཡོད་པར་མ་ཟད། ཨུ་རུ་སི་དང་ཐུར་ཁེའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་བཏང་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་ཐུར་ཁེའི་མངའ་ཁོངས་སུ་ཆོག་མཆན་དབང་ཡིག་ལ་བརྟེན་ནསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་ལྷུ་ལག་ཐོན་སྐྱེད་བྱེད་པར་གྲོས་མོལ་བྱེད་བཞིན་ཡོད་ཟེར། ཐུར་ཁེ་ལS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་རྩིས་སྤྲོད་བྱས་རྗེས། ཨུ་རུ་སིའི་རྒྱལ་སྲུང་ཐོན་རྫས་ཕྱིར་གཏོང་ཀུང་ཟི་ཡིས་ཐུར་ཁེ་བར་ཡི་གྱེན་འཕུར་གནམ་གྲུ་དང་འཐབ་འཛིང་གནམ་གྲུ། མཁའ་སྲུང་མ་ལག་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་སྔར་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་ལས་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྩིས་ཡོད་ཟེར། 

མུས་ཧི་ཡེ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། S-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་དེ་ཕྱི་རྒྱལ་གྱི་མཁའ་སྲུང་མ་ལག་ཁྲོད་དུ་ཚུད་ཀྱང་དེའི་བྱེད་ནུས་ལ་གནོད་པ་མི་འབྱུང་བའི་ཁྱད་ཆོས་ལྡན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།