ཡེ་མིན་བདེ་འཇགས་དམག་དཔུང་ལ་རྟེན་གཞི་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2019.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡེ་མིན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་གྱི་བདེ་འཇགས་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་བྱས་ཏེ། དམག་མི་ཉི་ཤུ་རྐྱེན་ལམ་དུ་ཤོར། 

ཨ་པུས་དབྱང་ཞིང་ཆེན་གྱི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཉིན་དེར་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ཡིས་ཨ་པུས་དབྱང་ཞིང་ཆེན་ཤར་ངོས་ཀྱི་མཱ་ཧི་ཧྥེ་ཏི་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་བྱས། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། བདེ་འཇགས་དམག་དཔུང་གི་དམག་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་རེ་འགའ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དཔོན་པོ་དེས་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་སྤེལ་བ་ནི་ས་ཁུལ་དེའི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱེད་པའི་ཆེད་དུ་རེད། དེའི་རྗེས་སུ་ཡེ་མིན་བདེ་འཇགས་དམག་དཔུང་གིས་དམག་མི་ཁ་སྣོན་བྱས་ཏེ། དྲག་ཆས་ཉེས་ཅན་དག་ས་ཁོངས་དེ་ནས་མཐར་སྐྲོད་བཏང་བ་རེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།