ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2019.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ནུས་མེད་དུ་འགྱུར་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཅིག་ཉིན་འབྲེལ་ཡོད་ཕྱོགས་སོ་སོས་རྗེས་ཕྱོགས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་གྱི་ཆེད་དུ་ཐུན་མོང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། མིག་སྔར་ཉིང་རྡུལ་མཚོན་ཆའི་རྒྱལ་ཁབ་བར་གྱི་ཛ་དྲག་གི་གནས་བབ་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གྱུར་བ་དང་། ཁོས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་མཐུན་ཞིག་ཡིན་པ་དང་། དེས་ཡོ་རོབ་གླིང་གི་གཏན་འཇགས་ལ་སྐུལ་འདེད་གཏོང་མྱོང་བར་མ་ཟད། འཇམ་འཐབ་མཇུག་སྒྲིལ་བར་ཡར་སྐུལ་གྱི་ནུས་པ་ཐོན་མྱོང་། ཆིངས་ཡིག་དེ་ནུས་མེད་དུ་གྱུར་རྗེས། འཛམ་གླིང་ཉིང་རྡུལ་ནུས་པའི་འཐབ་འཁྲུག་ལ་ཚོད་འཛིན་བྱེད་པའི་འགག་ཟྭ་རྩ་ཆེན་ཞིག་མེད་པར་གྱུར་བ་ཡིན་ལ། འཕུར་མདའ་ལས་བྱུང་བའི་འཇིགས་ཉེན་སྔར་ལས་ཇེ་ཆེར་འགྲོ་ངེས་རེད་ཟེར། 

ཁོས་བཤད་རྒྱུར། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་མཇུག་མཐའི་གནས་བབ་ཅི་འདྲ་ཡིན་ཡང་། འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་གྱི་ཆེད་དུ་ཐུན་མོང་གི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་ཟེར།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།