ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་ཨུ་རུ་སི་ནས་སྤེལ།
2019.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་ཚེས་གསུམ་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁིའི་ཉེ་འདབས་ཀྱི་རྒྱལ་གཅེས་མཁན་སྤྱི་གླིང་ནས་སྤེལ། 

ཐེངས་འདིའི་འགྲན་སྡུར་དེ་ཚེས་གསུམ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རྒྱལ་ཁབ་བཅུ་ནས་སྤེལ་རྒྱུ་རེད། ཨུ་རུ་སི་དང་ཀྲུང་གོ། ཨ་སེ་པེད་ཅང་། ཨུ་རུ་སི་དཀར་པོ་སོགས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་གི་འཐུས་ཚབ་རུ་ཁག་ཉིས་བརྒྱ་དང་ཉེར་གསུམ་འགྲན་སྡུར་རྣམ་གྲངས་སོ་གཉིས་ལ་ཞུགས་རྒྱུ་ཡིན་པ་དང་། འགྲན་སྡུར་ལ་ཞུགས་པའི་མི་གྲངས་སྟོང་ལྔ་ལྷག་ལ་བསླེབ་སྲིད། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་རེར་ཐེངས་རེ་སྤེལ་བའཞིན་པའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ལ་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་དམག་མི་འདུས་ཡོད་པ་དང་། སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཏུ་གྱུར་ཡོད། དེང་རབས་ཀྱི་སྒྲིག་ཆས་འགྲེམ་སྟོན་བྱེད་པར་མ་ཟད། འབྲེལ་ཡོད་ཕྱོགས་བར་གྱི་མཛའ་བརྩེ་ཡང་མངོན་པར་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་གྱི་རྣམ་པ་དེ་རྒྱལ་སྤྱིའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ཅིང་། དམིགས་ཡུལ་ནི་འབྲེལ་ཡོད་རྒྱལ་ཁབ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་སྐམ་ས། འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་ཆེད་ཡིན་ལ། འཛམ་གླིང་ཡོངས་ཀྱི་གཏན་འཇགས་ཐད་གནས་པའི་འཇིགས་ཉེན་ལ་རྒོལ་ལན་སྤྲོད་དགོས་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། འགྲན་སྡུར་དེར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་དོ་སྣང་སྔར་ལས་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེར་ཞུགས་པའི་རྒྱལ་ཁབ་ཀྱི་ཁ་གྲངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་སྡུར་ཅིག་ཡིན་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།