ཉིས་སྟོང་བཅུ་དགུ་ལོའི་མཉམ་ལས་ཞེས་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་སྐམ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ། 
2019.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 68

ཉིས་སྟོང་བཅུ་དགུ་ལོའི་མཉམ་ལས་ཞེས་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་སྐམ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས་ལྔ་ཉིན་གྱི་ཕྱི་དྲོར་སིང་ག་ཕོར་ནས་མཇུག་སྒྲིལ། ཕྱོགས་གཉིས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཁྲོད་རྩལ་ནུས་བརྗེ་རེས་བྱས་པ་དང་རྒྱུས་ལོན་ཇེ་ཟབ་ཏུ་སོང་བར་མ་ཟད། མཛའ་བརྩེ་ཇེ་དྲག་ཏུ་བཏང་ཡོད་ཟེར། 

ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་སིང་ག་ཕོར་གྱི་སྐམ་དམག་གིས་སིང་ག་ཕོར་་གྱི་མུའུ་ལའེ་གྲོང་ཁྱེར་འཐབ་འཁྲུག་སྦྱོང་བརྡར་ལྟེ་གནས་ནས་གྲོང་ཁྱེར་གྱི་འཇིགས་སྐུལ་ངོ་རྒོལ་གྱི་ཕྱོགས་བསྡུས་དམག་དོན་སྦྱོང་བརྡར་སྤེལ། སིང་ག་ཕོར་ཕྱོགས་ཀྱི་ལྟ་ཞིབ་ཚོགས་པའི་ཚོགས་གཙོ། སྐམ་དམག་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ལེའོ་མེན་ཀོས་དང་། ཀྲུང་གོ་ཕྱོགས་ཀྱི་ལྟ་ཞིབ་ཚོགས་པའི་ཚོགས་གཙོ། ལྷོ་ཕྱོགས་འཐབ་ཁུལ་གྱི་སྐམ་དམག་གི་དམག་སྤྱི་ཀྲང་ཅན་གཉིས་ཀྱིས་མཉམ་དུ་ལྟ་ཞིབ་བྱས། 

དམག་དོན་སྦྱོང་བརྡར་དེ་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་པའི་སྡོད་དམངས་ཁུལ་གཞིར་བཟུང་བ་དང་། གཙོ་བོ་མཁར་གྲོང་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་བར་དམིགས་ཡོད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་དག་མྱུལ་ཞིབ་དང་ཐོལ་རྒོལ། རོགས་སྐྱོར། སྨན་བཅོས་བཅས་ཡན་ལག་རུ་ཁག་མང་བོར་བགོས་ཡོད་ལ། ཕྱོགས་མང་བོ་ནས་དམིགས་སའི་ས་ཁུལ་དུ་ཡོང་ནས་ཉེན་ཟོན་སྔོག་བཤེར་དང་གློ་བུར་ཁང་བའི་ནང་དུ་བགྲོད་པ། དྲག་ཆས་རྐང་དམག་མཉམ་དུ་འགུལ་སྐྱོད་བྱེད་པ། འགས་གཏོར་གཏོང་བ་སོགས་ནང་དོན་ལག་ལེན་དུ་བསྟར། 

ཕྱོགས་བསྡུས་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས། སིང་ག་ཕོར་ཕྱོགས་ཀྱི་སྐམ་དམག་ཁྲི་དཔུང་གསུམ་པའི་ཡུས་ལིང་དམག་སྒར་དུ་མཇུག་སྒྲིལ་བའི་མཛད་སྒོ་སྤེལ། 

མཇུག་བསྡུའི་མཛད་སྒོའི་རྗེས་སུ། ཕྱོགས་གཉིས་ཀྱི་ལྟ་ཞིབ་ཚོགས་པའི་ཚོགས་གཙོ་ཡིས་ཕུལ་དུ་བྱུང་བའི་རུ་དཔུང་གི་འཐུས་མིར་གཟི་བརྗིད་དཔང་ཡིག་བྱིན་ནས་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ནས་མགོ་བརྩམས་པ་དང་། གྲོང་ཁྱེར་གྱི་འཇིགས་སྐུལ་ངོ་རྒོལ་དེ་བརྗོད་སྙིང་དུ་བྱས་ཡོད། མཉམ་འབྲེལ་སྦྱོང་བརྡར་དང་ཕྱོགས་བསྡུས་སྦྱོང་བརྡར་བཅས་དུས་རིམ་གཉིས་སུ་བགོས་ཡོད་ལ། ཕྱོགས་གཉིས་ཀྱིས་འདྲེས་སྦྱོར་དཔུང་བསྒྲིགས་དང་མཉམ་འབྲེལ་འགུལ་སྐྱོད་སྤེལ་བའི་བྱེད་ཐབས་སྤྱད་དེ། གཙོ་བོ་འཇིགས་སྐུལ་ངོ་རྒོལ་ཕྱོགས་སྒྲིག་ཆས་ཀྱི་བེད་སྤྱོད་དང་མཚོན་ཆ་རིགས་སྣ་མང་བོའི་གཏོང་འཕེན། བཀོད་འདོམ་ཁང་གི་མཉམ་འབྲེལ་བཀོད་སྒྲིག་སོགས་ཆེད་ལས་ནང་དོན་ལ་སྦྱོང་བརྡར་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།