ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་རྒོལ་གཏམ་བཏང་། 
2019.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁ་དང་ཧན་གོས་སྤེལ་བཞིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཁྲོད་ཀྱི་འབྲེལ་ཡོད་ཁས་ལེན་དང་འགལ་ཡོད་ལ། ཁྲའོ་ཞན་ལ་དམིགས་པའི་འཐབ་འཁྲུག་གི་སྔོན་གྱི་སྦྱོང་བརྡར་ཙམ་ཡིན་པས། ཁྲའོ་ཞན་གྱིས་ངོ་རྒོལ་བྱེད་ཐབས་དྲག་པོ་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱ་ལ་སྲུང་སྐྱོབ་མི་བྱེད་ཐབས་མེད་ཡིན་ཟེར། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་པ་ནི་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་སིང་ག་ཕོར་གྱི་གྲོས་མོལ་དང་པན་མིན་ཏེན་གྱི་གྲོས་མོལ་སྐབས་ཁས་ལེན་བྱས་ཡོད་པའི་གནད་དོན་ཞིག་རེད། ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ལས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་ཐུན་མོང་གསལ་སྒྲོག་སྣང་མེད་དུ་བསྒྱུར་ནས་འགྲན་སློང་བའི་བྱ་སྤྱོད་ཅིག་རེད། ཁྲའོ་ཞན་ལ་དམིགས་པའི་འཐབ་འཁྲུག་གི་སྔོན་གྱི་གྲ་སྒྲིག་ཡིན་པས་དེའི་བཙན་འཛུལ་རང་བཞིན་གྱི་ངོ་བོ་འགེབས་ཐུབ་མེད། ཁྲའོ་ཞན་གྱིས་ཡང་དང་བསྐྱར་དུ་ཉེན་བརྡ་གཏོང་བ་ནི་སྟོང་གཏམ་ཙམ་མིན་པ་ཨ་མེ་རི་ཁའི་ཡིད་ལ་དམ་པོར་འཛིན་དགོས་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།