སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་ངོ་རྒོལ་ཕྱོགས་ཁག་གིས་ཆབ་སྲིད་བསྒྲགས་གཏམ་སོགས་ཡིག་ཆ་བཀོད། 
2019.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དངོས་སུ་ཆབ་སྲིད་བསྒྲགས་གཏམ་དང་རྩ་ཁྲིམས་བསྒྲགས་གཏམ་སོགས་ཆབ་སྲིད་ཡིག་ཆ་བཀོད། 

ཡིག་ཆ་དེ་ནི་སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏཱ་ཁི་ལུའུ་དང་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱི་མགོ་ཁྲིད་པ་གཙོ་བོ་ལཱ་པུས་གཉིས་ཀྱིས་མཉམ་དུ་བཀོད་པ་རེད། ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། ཧྥུན་ལན་སོགས་རྒྱལ་ཁབ་དང་། དེ་མིན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། དབྱི་སི་ལན་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་མིང་འགོད་པའི་མཛད་སྒོར་ཞུགས། 

ཆབ་སྲིད་བསྒྲགས་གཏམ་ལས་དུས་ཡུན་ཟླ་ངོ་སོ་དགུའི་སུའུ་ཏན་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་དང་། པུའུ་ཀྲང་ཨུ་ཡོན་ལྷན་ཁང་། ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་ཆབ་སྲིད་སྒྲོམ་གཞི་གཏན་འཁེལ་བྱས་ཡོད་པ་དང་། རྩ་ཁྲིམས་བསྒྲགས་གཏམ་ལས་བར་བརྒལ་དུས་སྐབས་སུ་རྒྱལ་ཁབ་ཀྱི་དབང་ཤུགས་ལས་ཁུངས་དང་བར་བརྒལ་སྲིད་གཞུང་གི་ཁོངས་མིའི་གྲུབ་ཚུལ་གཏན་འཁེལ་གསལ་བོ་བྱས་ཡོད། 

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་མིང་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། སུའུ་ཏན་རྒྱལ་ཁབ་འཛུགས་སྐྲུན་དུས་རིམ་དུ་བགྲོད་བཞིན་ཡོད་པ་དང་། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་ཚད་ལྡན་དམག་དཔུང་གཞན་པས་རྒྱལ་ཁབ་དེ་རིག་གནས་གཙོར་འཛིན་པའི་སྲིད་གཞུང་དུ་བར་བརྒལ་བྱེད་པར་ཁག་ཐེག་བྱེད་སྲིད་ཟེར། ཁོས་སུའུ་ཏན་གྱི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་མཉམ་དུ་རྒྱལ་ཁབ་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་བགྲོད་དགོས་པའི་འབོད་སྐུལ་བཏང་། 

རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱི་འཐུས་མི་ཨ་སཱ་མུའུ་ཡིས་བསྟན་དོན། ཡིག་ཆ་བཀོད་པ་ལས་སུའུ་ཏན་གྱི་དུས་རིམ་གསར་བ་ཞིག་གི་མགོ་བརྩམས་པ་མཚོན་ཡོད་ཀྱང་། ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པ་ནི་སྔར་བཞིན་སུའུ་ཏན་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་བསྟན་དོན། ཉིན་དེར་བཀོད་པའི་ཆབ་སྲིད་ཡིག་ཆ་ལས་སུའུ་ཏན་མི་དམངས་ཀྱི་རེ་འདུན་བསྟན་ཡོད་ཟེར། ཁོས་སུའུ་ཏན་མི་དམངས་ཀྱིས་བཟོད་སྒོམ་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།