ཨ་སེ་པེད་ཅང་དམག་དཔུང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
2019.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་དྲུག་ཉིན་ནས་བཟུང་རྒྱལ་ཁབ་དེའི་མངའ་ཁོངས་སུ་དམག་རིགས་མང་བོའི་གཞི་རྒྱ་ཆེ་བའི་འཐབ་རྩལ་རང་བཞིན་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ནི་རི་ཁུལ་ཁོར་ཡུག་ཁྲོད་དུ་ས་བབ་ལེགས་པོ་བེད་སྤྱོད་བྱས་ཤིང་། སྔོན་འགོག་རང་བཞིན་གྱི་དགྲ་བོར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་བརྟེན་ནས། དགྲ་བོའི་དཔུང་འཇུག་གཡོ་ཇུས་ཕམ་པར་གཏོང་བ་དེ་རེད། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་བློ་སྤོབས། མཁོ་སྒྲུབ་འགན་སྲུང་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་དམག་དོན་མི་སྣ་ཁྲི་གཅིག་ལྷག་དང་ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ་བརྒྱ། མེ་སྒྱོགས་དང་འཕུར་མདའི་མ་ལག་བརྒྱ་དང་ཉི་ཤུ། གནམ་གྲུ་ཉི་ཤུ་ལྷག་བཅས་ཞུགས་ཡོད། 

དམག་དོན་སྦྱོང་བརྡར་དེ་ཟླ་དགུ་བའི་ཚེས་ཉི་ཤུའི་ཉིན་བར་རྒྱུན་བསྲིངས་རྒྱུ་ཡིན་རེད། གསལ་སྒྲོག་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་སྤེལ་སའི་བྱེ་བྲག་གི་གནས་གང་ཡིན་གསལ་བོར་བརྗོད་མེད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།