དབྱི་སི་རལ་གྱིས་གཞི་རྒྱ་ཆེ་བའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།
2019.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 106

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ནས་ཚེས་བཞིའི་ཉིན་བར་ལྷོ་ཕྱོགས་ཀྱི་ཨོ་ཧྥོ་ཏཱ་མཁའ་དམག་རྟེན་གཞི་ནས་ཚབ་མིང་ལ་དར་ཆ་སྔོན་པོ་ཞེས་པའི་གཞི་རྒྱ་ཆེ་བའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། འཇར་མན་དང་དབྱི་ཐཱ་ལེ། ཞི་ལཱ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་མཁའ་དམག་ཟབ་ཞུགས་བྱེད་རྒྱུ་རེད་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་བཅས་པའི་རབས་ལྔ་བའི་འཐབ་འཛིང་གནམ་གྲུ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཞིང་། དེ་ནི་དབྱི་སི་རལ་གྱི་ལོ་རྒྱུས་སྟེང་ཆེས་ཐོག་མ་ཡིན་པ་རེད། རྒྱལ་ཁབ་སོ་སོ་ནས་ཡོང་བའི་མཁའ་དམག་དམག་དཔུང་གི་འཕུར་སྐྱོད་མཁན་དང་བཀོད་འདོམ་དཔོན་པོ། ལག་རྩལ་མི་སྣ་སོགས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད་ཟེར། 

དམག་དོན་སྦྱོང་བརྡར་གྱི་ཁག་ཅིག་ཡིན་པའི་ཆ་ནས། དབྱི་སི་རལ་གྱི་མཁའ་དམག་གིས་དབྱི་སི་རལ་གྱི་གནམ་གྲུ་བཅུ་ཕྲག་འགའ་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་སོ་སོའི་མཁའ་དམག་དང་མཉམ་དུ་བར་སྣང་དང་ས་ངོས་ཀྱི་འཐབ་འཛིང་གི་གནས་ཚུལ་ལ་ལད་མོ་བྱས་ནས། སྔོན་ཐོན་གྱི་ས་ངོས་དང་བར་སྣང་གི་འཕུར་མདའི་འཇིགས་ཉེན་དང་དགྲ་བོ་དང་འཐབ་འཛིང་བྱེད་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་བསྟན་དོན། དབྱི་སི་རལ་གྱི་མཁའ་དམག་གིས་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་མཁའ་དམག་བར་མཉམ་ལས་བྱས་ཏེ། རང་གི་ནུས་པ་དང་འཐབ་འཛིང་གི་གྲ་སྒྲིག་རྣམ་པ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།