དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་ཐོལ་རྒོལལ་སྦྱོང་བརྡར་མཇུག་སྒྲིལ། 
2019.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 252

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་ནས་དུས་ཡུན་ཉིན་གཉིས་རིང་སྤེལ་བའི་ཐོལ་རྒོལ་སྦྱོང་བརྡར་མཇུག་སྒྲིལ་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་དབྱི་སི་རལ་གྱི་ཉིས་སྟོང་བཅུ་དགུ་ལོའི་སྦྱོང་བརྡར་འཆར་གཞིའི་ཁག་ཅིག་ཡིན་པ་དང་། དམིགས་ཡུལ་ནི་དབྱི་སི་རལ་དམག་དཔུང་གི་བྱང་ཕྱོགས་དམག་སྤྱི་ཁང་གི་དམག་གྲབས་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་རྒྱུན་སྲོལ་གྱི་རྣམ་པ་ནས་བྲེལ་མྱུར་རྣམ་པའི་བར་དང་། འགོག་སྲུང་རྣམ་པ་ནས་དཔུང་འཇུག་གི་རྣམ་པར་བསྒྱུར་བ། དེ་མིན་དམག་དཔུང་དང་སྒྲིག་ཆས་ཀྱི་གཅིག་བསྡུས་དང་བཀོད་སྒྲིག་སོགས་འདུས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཨ་ཝེ་ཧྥུའུ་ཁི་ཧཱ་ཝེ་ཡིས་མགོ་ཁྲིད་བྱས་པ་དང་། དབྱི་སི་རལ་དམག་དཔུང་གི་ཁྲི་ཤོག་སོ་དྲུག་པ་དང་ཁྲི་ཤོག་གོ་གཅིག་པ། མཁའ་དམག གསང་འཕྲིན་ཅུའུ། ལག་རྩལ་དང་ཞིག་གསོའི་ཅུའུ་སོགས་ལས་ཁུངས། དེ་མིན་གྲ་སྒྲིག་དམག་མི་སྟོང་ཕྲག་འགའ་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།