ཨུ་རུ་སི་ཡིས་མཚོ་ནག་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
2020.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 150

ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་དང་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཚེས་དགུ་ཉིན་ཁི་ལི་མུས་ཡཱ་ཕྱེད་གླིང་ཉེ་འདབས་ཀྱི་མཚོ་ནག་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཡུལ་དངོས་ནས་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ནེ་ཀུའུ་ལཱ་ཡེ་ཧྥུའུ་མེ་ནོའུ་ཧྥུའུ་ཡིས་ཕུའུ་ཅིན་ལ་སྙན་ཞུ་བྱས་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བསྡོམས་པས་འཐབ་འཁྲུག་གྲུ་གཟིངས་སོ་གཅིག་དང་རོགས་འདེགས་གྲུ་གཟིངས་ཉེར་གཉིས། རྣམ་པ་མི་འདྲ་བའི་འཐབ་འཛིང་གནམ་གྲུ་སོ་དགུ་བཅས་བཀོད་སྒྲིག་བྱས་ཡོད། དམག་དོན་སྦྱོང་བརྡར་ལས་སྒྲིག་ཆས་གསར་བ་དང་འཐབ་རྩལ་གསར་བར་སྦྱོང་བརྡར་བྱས་པ་དང་། དམག་དོན་སྦྱོང་བརྡར་གྱི་དམིགས་འབེན་ཚང་མ་མངོན་འགྱུར་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་མཚོ་དམག་གི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་ཐོན་ཁུངས་དང་མ་དངུལ་མང་བོ་བཏང་ཡོད། ཨུ་རུ་སིའི་མཚོ་དམག་གི་སྒྲིག་ཆས་དེང་རབས་ཅན་གྱི་ཚད་ཇེ་སྔོན་བརྒྱ་ཆའི་བདུན་ཅུར་བསླེབ་ཡོད་པར་མ་ཟད། མཚོ་དམག་རྟེན་གཞིའི་འཐབ་ཇུས་ཉིང་རྡུལ་ནུས་པའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མཚོ་དམག་ནི་སྔོན་ཆད་དང་ད་ལྟ་གང་ཡིན་ཡང་ཨུ་རུ་སིའི་རྒྱལ་སྲུང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གྲུབ་ཆ་གཙོ་བོར་གྱུར་ཡོད་ལ། དུས་རབས་ཉེར་གཅིག་པར་ཨུ་རུ་སི་ཡིས་མུ་མཐུད་དུ་འཛམ་གླིང་གི་མཚོ་དམག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གོ་གནས་སྲུང་འཛིན་དང་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།