དབྱི་སི་རལ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་འཕུར་མདའ་ལ་རྒོལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་བཅུ་བ་སྤེལ། 
2020.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་རལ་དང་ཨ་མེ་རི་ཁས་ཉིན་དེ་ནས་བཟུང་གཞི་རྒྱ་ཆེ་བའི་འཕུར་མདའ་ལ་རྒོལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་བཅུ་བ་སྤེལ་མགོ་བརྩམས་ཟེར། 

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཚེས་གསུམ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཚབ་མིང་ལ་ཉིས་སྟོང་ཉི་ཤུ་ལོའི་ཏུའུ་སུང་སྦྲུལ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་དམག་དཔུང་གི་ཡོ་རོབ་གླིང་དམག་སྤྱི་ཁང་གི་དམག་མི་སྟོང་གཉིས་དང་ལྔ་བརྒྱ་ཙམ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མཁའ་སྲུང་དང་མཁོ་སྒྲུབ། སྨན་བཅོས་སོགས་དམག་དཔུང་གི་མི་སྟོང་གཅིག་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་དམག་དོན་བརྗེ་རེས་ལ་སྐུལ་འདེད་བཏང་ནས། མཁའ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད། ཨ་མེ་རི་ཁས་དབྱི་སི་རལ་གྱི་མཁའ་སྲུང་དམག་དཔུང་ལ་རོགས་རམ་བྱས་ཏེ་ལད་བཟོའི་གནས་ཡུལ་དུ་དམག་དོན་བཀོད་སྒྲིག་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱི་མཉམ་ལས་ལ་བརྟེན་ནས་ས་ཁུལ་མི་འདྲ་བའི་འཕུར་མདའི་འཇིགས་ཉེན་སྣ་ཚོགས་ལ་དམིགས་ཏེ་ལད་མོའི་སྔོན་འགོག་བྱེད་རྒྱུ་ཡིན་པར་མ་ཟད། དམག་དོན་སྦྱོང་བརྡར་ཁྲོད་དུ་འགོག་སྲུང་མ་ལག་དང་འཕུར་མདའི་བརྙན་རིས་དོ་དམ་ལྟེ་གནས་མང་བོ་བེད་སྤྱོད་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།