དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཚེས་གཉིས་ཉིན་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་ཚབ་མིང་ལ་ཡུན་རིང་གི་གློག་ཞགས་གཉིས་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ད་ལོར་སྤེལ་བའི་དམག་དོན་སྦྱོང་བརྡར་ཐེངས་གཉིས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དམིགས་ཡུལ་གཙོ་བོ་ནི་བར་སྣང་དང་ས་ངོས་ཀྱི་འཇིགས་ཉེན་སྣ་ཚོགས་ཤེས་ནས་བཀག་འགོག་ཐུབ་པར་བྱེད་པའི་ཆེད་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཤིང་། ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་མཉམ་སྤྱོད་བྱེད་བཞིན་ཡོད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལས་ཕྱོགས་གཉིས་ཀྱིF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཐུབ་པ་དང་། དབྱི་སི་རལ་མཁའ་དམག་གི་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ཟེར།
ཉེ་སྔོན་དབྱི་སི་རལ་དང་སི་རི་ཡཱ་དང་། དབྱི་སི་རལ་དང་ལེ་པཱ་ནུན་བར་གྱི་རྒྱལ་མཚམས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་པ་དང་། དབྱི་སི་རལ་དམག་དཔུང་གིས་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།