ཨུ་རུ་སི་ཡིས་ཧཱ་སག་སི་ཐན་ལ་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་བ་སྐོར་ཞིག་རྩིས་སྤྲོད་བྱས།
2020.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 135

ཚེས་བདུན་ཉིན། ཧཱ་སག་སི་ཐན་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱིས་ཨུ་རུ་སི་ནས་ཉོས་པའི་སུའུ-30SMརྟགས་ཅན་གྱི་སྤྱོད་སྒོ་མང་བའི་འཐབ་འཛིང་གནམ་གྲུ་གསར་བ་སྐོར་ཞིག་ཉིན་དེར་ཧཱ་སག་སི་ཐན་གྱི་ཁཱ་ལཱ་ཀན་ཏཱ་མཁའ་དམག་རྟེན་གཞིར་བསྐྱལ་ནས་ཧཱ་སག་སི་ཐན་གྱི་མཁའ་དམག་ལ་རྩིས་སྤྲོད་བྱས་ཏེ་བེད་སྤྱོད་བྱེད་དུ་བཅུག 

ཧཱ་སག་སི་ཐན་མཁའ་དམག་གི་སྤྱི་ཁྱབ་དམག་སྤྱི་ཨོ་ཨར་མན་པེ་ཐའོ་ཧྥུའུ་ཡིས་བཤད་རྒྱུར། འཐབ་འཛིང་གནམ་གྲུ་སྐོར་དེ་ལས་ཧཱ་སག་སི་ཐན་མཁའ་དམག་གི་འགོག་སྲུང་དང་། བར་སྣང་དང་ས་ངོས་ཀྱི་དམིགས་འབེན་འཚོལ་ཞིབ་དང་གཏོར་བཤིག་གཏོང་བའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པར་མ་ཟད། རྒྱལ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ཟེར། 

ཨུ་རུ་སི་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཡིས་བཀོད་པའི་དམག་དོན་ལག་རྩལ་གྱི་མཉམ་ལས་གྲོས་མཐུན་ལྟར། སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་དང་པོ་དེ་ཉིས་སྟོང་བཅོ་ལྔ་ལོར་ཨུ་རུ་སི་ཡིས་ཧཱ་སི་ཐན་གྱི་མཁའ་དམག་ལ་རྩིས་སྤྲོད་བྱས་ཡོད་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། སུའུ-30SMརྟགས་ཅན་ནི་རབས་བཞི་བའི་འཐབ་འཛིང་གནམ་གྲུ་ཡིན་ཞིང་། སུའུ-30MKརྟགས་ཅན་གྱི་བཅོས་བསྒྱུར་བྱས་པའི་མ་དཔེ་ཡིན་ལ། ཨུ་རུ་སིའི་སུའུ་ཧའོ་དབྱེ་ཀུང་ཟི་ཡིས་ཞིབ་འཇུག་བཟོ་སྐྲུན་བྱས་པ་དང་། ཉིན་མཚན་དབྱེར་མེད་དུ་འཐབ་འཛིང་བྱེད་པའི་ནུས་པ་ཆེན་པོ་ལྡན། འཐབ་འཛིང་གནམ་གྲུ་དེའི་ཆེས་མཐོའི་མྱུར་ཚད་སྤྱི་ལེ་སྟོང་གཉིས་དང་བརྒྱ་དང་ཉེར་ལྔར་བསླེབ་སྲིད་པ་དང་། ཆེས་ཆེ་བའི་ལྗིད་ཐེག་གི་ཚད་ཏུན་སོ་བཞི་ཡིན་ལ། ཆེས་ཆེ་བའི་མདེལ་གྱི་ཐེག་ཚད་ཏུན་བརྒྱད་ཡིན་པ་དང་། བསྟུད་མར་སྤྱི་ལེ་སྟོང་གསུམ་ལ་འཕུར་ཐུབ་པ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།