ཨུ་རུ་སི་ཡིས་མཚོ་ནག་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། 
2021.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཉེ་སྔོན་མཚོ་ནག་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་གཟའ་འཁོར་སྔོན་མར་སྤེལ་བ་དང་། དེ་ནི་ཉིས་སྟོང་ཉེར་གཅིག་ལོའི་ཨུ་རུ་སིའི་དམག་དཔུང་གི་ཐོལ་རྒོལ་དམག་གྲབས་ཞིབ་བཤེར་སྒྲོམ་གཞིའི་འོག་སྤེལ་བ་ཡིན་ལ། ལྷོ་ཕྱོགས་དམག་ཁུལ་གྱི་དམག་སྤྱི་ཏི་བོ་ཨར་ནེ་ཁི་ཧྥུའུ་ཡིས་བཀོད་འདོམ་བྱས། དམག་མི་སྟོང་བརྒྱད་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། དམག་དོན་སྒྲིག་ཆས་སུམ་བརྒྱ་དང་ལྔ་བཅུ་ཙམ་བཀོལ་སྤྱོད་བྱས། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་ས་ཁུལ་མང་བོར་བཅའ་སྡོད་བྱེད་པའི་དམག་དོན་སྡེ་ཁག་དང་མཚོ་ནག་གྲུ་གཟིངས་རུ་ཁག ལི་ཧེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་དམག་དཔུང་སྐོར་ཞིག་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

གཞན་ཡང་ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་གསར་འགྱུར་ཁྲུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཁི་ལི་མུས་ཡཱ་ཕྱེད་གླིང་ཤར་ངོས་ཀྱི་ཨོ་ཕུའུ་ཁི་སྦྱོང་བརྡར་ར་བ་ནས་སྤེལ་བ་དང་། མཚོ་ནག་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་བཞི་བཅུ་ལྷག་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་མིས་ཁི་ལི་མུས་ཡཱ་ཕྱེད་གླིང་གི་མཚོ་འགྲམ་ས་ཁུལ་གྱི་འགོག་སྲུང་དང་སྐམ་སར་འབུད་པ་སོགས་རྣམ་གྲངས་ལ་དམིགས་ཏེ་སྦྱོང་བརྡར་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།