ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་རྒུད་སྐྱོབ་ཅེས་པའི་ཉེན་སྲུང་ལས་རེས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ། 
2021.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 130

ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་རྒུད་སྐྱོབ་ཅེས་པའི་ཉེན་སྲུང་ལས་རེས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོའི་ཡན་ལག་རུ་ཁག་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་བདེ་བླག་ངང་ཕྱིར་ཀྲུང་གོའི་ཀོང་ཞིའི་མངའ་ཁོངས་སུ་ལོག་ཡོད། དེ་ལས་ཐེངས་འདིའི་བསྟུད་མར་ཉིན་བདུན་གྱི་དམག་དོན་སྦྱོང་བརྡར་ལས་འགན་བདེ་བླག་ངང་མཇུག་སྒྲིལ་བ་མཚོན་ཡོད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོར་གྱི་བརྗོད་དོན་ལ་དམིགས་ཤིང་། སྲོག་སྐྱོབ་རྨས་གསོའི་འགན་འཁྲིའི་ལས་འགན་ལ་དམ་པོར་དམིགས་ཏེ་དངོས་འཐབ་ཅན་གྱི་ཚད་གཞི་ལྟར་མཉམ་འབྲེལ་གྱི་ཉེན་སྲུང་ལས་རེས་བཀོད་འདོམ་དང་མཉམ་འབྲེལ་གྱི་ཡུལ་དངོས་རྒུད་སྐྱོབ། རྨས་མ་མང་བོ་གསོ་བཅོས་བྱེད་པ་སོགས་ཀྱི་ནང་དོན་ཡོངས་འགྲུབ་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་དམག་དཔུང་གཉིས་ཀྱི་ཉེན་སྲུང་ལས་རེས་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་བྱས། དམག་དོན་སྦྱོང་བརྡར་གྱི་གྲུབ་འབྲས་ལ་ཀྲུང་གོ་དང་ཡོ་ནན་གྱི་དམག་དཔུང་གི་ཁས་ལེན་ཐོབ་ཡོད། 

ཡོ་ནན་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་བཀོད་འདོམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཡོ་ནན་མི་དམངས་དམག་དཔུང་གི་མཁོ་འདོན་སྤྱི་ཁྱབ་ཅུའུ་ཡི་ཀྲུའུ་རིན་གཞོན་པ། ཇུས་འདོན་དཔོན་པོ་རོན་ཞོང་ཧྲིན་གྱི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་བརྒྱུད་དེ་ཡོ་ནན་གྱི་དམག་དོན་སྨན་པས་ཀྲུང་གོའི་དམག་དོན་སྨན་པའི་ལུས་སྟེང་ནས་ཆེད་ལས་ཀྱི་ཤེས་བྱ་སྦྱངས་པར་མ་ཟད་ཀྲུང་གོའི་ཕྱོགས་ཀྱི་སྨན་བཅོས་དང་འགན་སྲུང་སྒྲིག་ཆས་དངོས་སུ་མཐོང་ཡོད། དམག་དོན་སྦྱོང་བརྡར་ལ་ཐོབ་པའི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་ཀྱི་དམག་དོན་སྨན་པའི་སྟོབས་ཤུགས་ཀྱི་སྨན་བཅོས་རོགས་སྐྱོར་དང་རིམས་ནད་འགོག་སྡོམ་ཐད་ཀྱི་ཆེད་ལས་ནུས་པ་བདེན་དཔང་བྱས་ཡོད་ཟེར། 

ཀྲུང་གོའི་ཕྱོགས་ཀྱི་མཛུབ་སྟོན་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཁོ་སྒྲུབ་འགན་སྲུང་པུའུ་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲིན་ཁྲོན་མེན་གྱིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཉིས་སྟོང་བཅོ་བརྒྱད་ལོར་མཉམ་འབྲེལ་གྱི་ནད་བརྟག་བྱ་འགུལ་བདེ་བླག་ངང་སྤེལ་བའི་རྨང་གཞིའི་སྟེང་སྤེལ་བའི་རྒྱ་བསྐྱེད་གསར་གཏོད་ཀྱི་ལག་ལེན་ཐེངས་ཤིག་ཡིན་ལ། དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཟེར། 

དམག་དོན་སྦྱོང་བརྡར་བྱེད་སྐབས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཡོ་ནན་མི་དམངས་དམག་དཔུང་ལ་སྨན་བཀོལ་གྱི་འགོག་སྲུང་ཁ་ཐུམ་དང་སྨན་བཀོལ་གྱི་འགོག་སྲུང་ལྭ་བ། ཉིང་རྡུལ་བཤེར་འཇལ་དཔྱད་ཆས་སོགས་འཕྲོད་བསྟེན་རིམས་འགོག་གི་དངོས་རྫས་ཞལ་འདེབས་སུ་ཕུལ། 


བསོད་ནམས་ཚེ་རིང་གིས་བསྒྱུར།