ཨུ་རུ་སིའི་མཚོ་དམག་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད། 
2022.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 138

ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་གསར་འགྱུར་ཁྲུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་ནག་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་ཉི་ཤུ་ལྷག་སོ་སོར་སེ་ཝ་སི་ཐའོ་པའོ་ཨར་དང་ལོ་ཞི་སི་ཁི་གསར་བའི་རྟེན་གཞི་གཉིས་ནས་ལམ་དུ་ཆས་ཏེ་མཚོ་ནག་མཚོ་ཁོངས་སུ་སྤེལ་རྒྱུ་ཡིན་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད་ཟེར། 

བསྒྲགས་པ་ལྟར་ན། སྐོར་གཡེང་གྲུ་གཟིངས་དང་འགོག་སྲུང་གྲུ་གཟིངས། འཕུར་མདའི་གྲུ་གཟིངས་ཆུང་གྲས། སྐམ་སར་འབུད་པའི་གྲུ་གཟིངས། ས་འོག་འགད་རྫས་གཙང་སེལ་གྲུ་གཟིངས། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཆུང་གྲས་བཅས་ཀྱིས་གྲུབ་པའི་གྲུ་གཟིངས་རུ་ཁག་དང་གྲུ་གཟིངས་ཆམ་ཕབ་ཚོགས་པ། སྐམ་སར་འབུད་པའི་གྲུ་གཟིངས་རུ་ཁག་བཅས་ཀྱིས་དམག་དོན་སྦྱོང་བརྡར་སྤེལ་སྐབས་བདེ་འཇགས་འཁོར་སྒུལ་སྦྱོང་བརྡར་དང་འཕྲིན་གཏོང་། མཚོ་ཐོག་མཁའ་སྲུང་སོགས་རྣམ་གྲངས་ཀྱི་སྦྱོང་བརྡར་ལག་བསྟར་བྱེད་རྒྱུ་རེད། 

ཉིན་དེར་ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་པཱ་ལོན་ཀྲི་མཚོ་ཁོངས་སུ་ཆས་ནས་གླིང་སྣེ་བྱང་མ་ས་ཁུལ་དུ་སྤེལ་བའི་དམག་དོན་སྦྱོང་བརྡར་ལ་ཞུགས། སྐབས་ཐོག་དེར་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་གྲུ་གཟིངས་སྣ་ཚོགས་དང་མཉམ་དུ་ཨུ་རུ་སིའི་བྱང་ཕྱོགས་མཚོ་ཁོངས་ཀྱི་མཚོ་འགྲུལ་ལམ་ཐིག་དང་དཔལ་འབྱོར་འགུལ་སྐྱོད་ས་ཁོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དེའི་སྔོན་བསྟན་དོན། ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར། ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་སོ་སོས་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ནེ་ཀུའུ་ལཱ་ཡེ་ཧྥུའུ་མཱེ་ནོའུ་ཧྥུའུ་ཡི་སྤྱིའི་བཀོད་འདོམ་འོག་དམག་དོན་སྦྱོང་བརྡར་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། མཚོ་ཐོག་དང་མཁའ་ལམ་གྱི་གཞོགས་འདེགས་ལ་མཐུན་སྦྱོར་དང་ཨུ་རུ་སིའི་རྒྱ་མཚོའི་ཁེ་ཕན་ལ་སྲུང་སྐྱོབ། མཚོ་ཐོག་གི་དམག་དོན་འཇིགས་ཉེན་ཐག་གཅོད་བཅས་བྱེད་རྒྱུ་རེད། དམག་དོན་སྦྱོང་བརྡར་དེ་ཨུ་རུ་སིའི་མངའ་ཁོངས་དང་འབྲེལ་བའི་མཚོ་ཁོངས་དང་དོན་སྙིང་གལ་ཆེན་ལྡན་པའི་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་ལ་ཁེབས་ཡོད། དེ་ལས་གཞན་སོ་སོར་བྱང་ཕྱོགས་མཚོ་ཁོངས་དང་ས་དཀྱིལ་མཚོ་ཁོངས། ཨིག་ཧའོ་ཚི་ཁི་མཚོ། ཞི་བདེ་རྒྱ་མཚོ་ཆེན་མོ། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་བྱང་ཤར་ཕྱོགས་བཅས་སུ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། འཐབ་འཛིང་གྲུ་གཟིངས་དང་མཁོ་སྒྲུབ་གྲུ་གཟིངས་བརྒྱ་དང་བཞི་བཅུ་ཙམ་དང་། གནམ་གྲུ་དྲུག་ཅུ་ལྷག དྲག་ཆས་སྒྲིག་ཆས་སྟོང་གཅིག་ལྷག དཔོན་དམག་ཁྲི་གཅིག་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།