ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་ཉིས་སྟོང་ཉེར་གཉིས་ལོའི་མནའ་འབྲེལ་གྱི་ཆོད་སེམས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 
2022.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 207

ཨུ་རུ་སིའི་རྒྱལ་སྲུང་དྲ་ཚིགས་ཀྱིས་ཚེས་བཅུ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་ཉིན་དེར་ཨུ་རུ་སི་དཀར་པོ་ནས་ཉིས་སྟོང་ཉེར་གཉིས་ལོའི་མནའ་འབྲེལ་གྱི་ཆོད་སེམས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་རྒྱལ་ཁབ་གཉིས་ཀྱི་སྔོན་གྱི་བཀོད་སྒྲིག་ལྟར་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་འགོག་སྲུང་འཐབ་འཁྲུག་ཁྲོད་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་ཆེད་རེད། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་རྒྱལ་ཁབ་ཀྱི་མཐའ་མཚམས་ཉེན་སྲུང་ལ་ཤུགས་སྣོན་པ་དང་། དྲག་ཆས་ཉེས་ཅན་གསང་སྟབས་ཀྱིས་འགྲོ་འདུག་བྱེད་པར་སྔོན་འགོག མཚོན་ཆ་དང་འགད་རྫས་སོགས་ཀྱི་སྐྱེལ་འདྲེན་རྒྱུ་ལམ་བཀག་སྡོམ་བྱེད་པ། ཁྲིམས་འགལ་དྲག་ཆས་ཚོགས་ཁག་དང་དགྲ་ཕྱོགས་ཀྱི་གཏོར་བརླག་བྱ་འགུལ། མྱུལ་ཞིབ་ཚན་ཆུང་སོགས་ལ་སྔོག་བཤེར་དང་བཀག་སྡོམ། ཚར་གཅོད་བྱེད་པ་སོགས་འདུས། 

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཟླ་གཉིས་པའི་ཚེས་ཉི་ཤུའི་བར་སྤེལ་རྒྱུ་ཡིན་ལ། ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་དང་ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གི་བཀོད་འདོམ་ལས་ཁུངས། དེ་མིན་འབྲེལ་ཡོད་ཀྱི་དམག་དཔུང་བཅས་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར། 

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆིངས་ཡིག་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་རང་རང་གི་རྒྱལ་ཁབ་བདག་དབང་དང་རང་བཙན། རྒྱལ་ཁབ་ལམ་ལུགས་བཅས་སྲུང་འཛིན་བྱེད་པའི་ཞོར་དུ་རྒྱལ་ཕྲན་མཉམ་འབྲེལ་རང་བཞིན་གྱི་རྒྱལ་ཁབ་འཛུགས་རྒྱུ་གཏན་འཁེལ་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།