ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཉིས་སྟོང་ཉེར་གཉིས་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 
2022.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 132

སྤེལ་ཡུན་ཉིན་བཅུ་གཉིས་ཡིན་པའི་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་ད་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས་ཉེར་བརྒྱད་ཉིན་སྤེལ་མགོ་བརྩམས། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཚུན་གྱི་ཆེས་ཆེ་བ་ཡིན་ཟེར། 

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཧྥེ་ལེ་པེན་ཕྱོགས་ཀྱི་མི་སྣ་སྟོང་གསུམ་དང་བརྒྱད་བརྒྱ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་མི་སྣ་སྟོང་ལྔ་དང་བརྒྱ་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་མཚོ་ཐོག་བདེ་འཇགས་དང་མཚོ་སྐམ་གཉིས་ཀྱི་ལས་འགན། མདེལ་དངོས་མའི་གཏོང་འཕེན། འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད། གནོད་སེལ་རྒུད་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སོགས་འདུས། དེ་ལས་གཞན་དམག་དོན་སྦྱོང་བརྡར་ལ་དམག་སྤྱི་ཁང་གི་སྦྱོང་བརྡར་ནང་དོན་ཀྱང་འདུས། དམག་དཔུང་གི་ལད་བཟོའི་ཁོར་ཡུག་ཁྲོད་ཀྱི་བཀོད་འདོམ་དང་འཕྲིན་གཏོང་ནུས་པར་ཞིབ་བཤེར་བྱེད་རྒྱུ་རེད། 

ཧྥེ་ལེ་པེན་གྱི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་རེ་འགས་དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་དེས་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། ཧྥེ་ལེ་པེན་གྱི་ཙུང་ཐུང་འགྲན་རྩོད་པ་ཁཱ་ལེ་ཨོ་ཏིས་ཏི་ཀུའུ་ཙི་མན་གྱིས་བཤད་རྒྱུར། དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་ལ་དཀྲུག་འཕེན་རང་བཞིན་ལྡན་པས་གཞན་སེམས་མི་བདེ་ལ་གཏོད་སྲིད་ཟེར། ཁོས་ཧྥེ་ལེ་པེན་གྱིས་སྒེར་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་གཞན་གྱིས་རྡོག་བརྫིས་གཏོང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

དཔུང་བ་མཉམ་གཤིབ་ཅེས་པ་ནི་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་ལོ་རེར་སྤེལ་བཞིན་པའི་རྒྱུན་སྲོལ་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཅིག་ཡིན་ཞིང་། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཉིས་སྟོང་ཉི་ཤུ་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མེད་པར་བཏང་བ་དང་། ཉིས་སྟོང་ཉེར་གཅིག་ལོའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱའང་ཇེ་ཆུང་དུ་བཏང་སྟེ། དམག་དོན་སྦྱོང་བརྡར་བྱ་འགུལ་སྐོར་ཞིག་དྲ་ཐོག་ནས་སྤེལ་བ་རེད། 

ཧྥེ་ལེ་པེན་དང་ཨ་མེ་རི་ཁས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་འཚམས་འདྲིར་ཡོང་བའི་དམག་དཔུང་གི་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་ལས་ཨ་མེ་རི་ཁའི་དམག་མི་དང་དམག་དོན་འབྲེལ་ཡོད་མི་སྣ། དེ་མིན་དམག་དོན་སྒྲིག་ཆས་བཅས་ཧྥེ་ལེ་པེན་དུ་ཡོང་བའི་ཆ་རྐྱེན་དང་བྱ་འགུལ་ཁྱབ་ཁོངས། ཐོབ་ཆོག་པའི་སྟབས་བདེ་བཅས་གཏན་འཁེལ་བྱས་ཡོད་ལ། དེའི་ནང་ཕྱོགས་གཉིས་ཀྱིས་དམག་དོན་སྦྱོང་བརྡར་སྤེལ་བའི་འབྲེལ་ཡོད་བཀོད་སྒྲིག་ཀྱང་འདུས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།