ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་མཚོ་དམག་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་ཡོད་པ་ཁྱབ་བསྒྲགས་བྱས།
2022.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 118

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སིའི་མཚོ་དམག་གི་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག་གིས་ཚེས་གསུམ་ཉིན་ནས་ཚེས་བཅུ་ཉིན་བར་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། བསྡོམས་པས་དམག་གྲུ་དང་རོགས་སྐྱོར་གྲུ་གཟིངས་བཞི་བཅུ་དང་། གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ཉི་ཤུ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། གྲུ་གཟིངས་རུ་ཁག་གིས་མཚོ་དམག་གི་མཁའ་དམག་དང་མཉམ་དུ་ལད་བཟོའི་དགྲ་བོའི་ཆུ་འཛུལ་གྲུ་གཟིངས་སྔོག་བཤེར་བྱེད་པ་དང་། འཐབ་རྩལ་གྲུ་གཟིངས་རུ་ཁག་གི་མཁའ་སྲུང་སྦྱོང་བརྡར་སྤེལ་ཏེ། མཚོ་ངོས་དང་བར་སྣང་གི་དམིགས་འབེན་ལ་དམིགས་པའི་འཐབ་འཛིང་སྦྱོང་བརྡར་ཡོངས་འགྲུབ་བྱེད་རྒྱུ་མ་ཟད། མཚོ་ཐོག་གི་མཁོ་སྒྲུབ་འགན་སྲུང་གནད་དོན་ཐད་ནས་རྩ་འཛུགས་སྦྱོང་བརྡར་བྱེད་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།