སི་རི་ཡཱ་དང་ཨུ་རུ་སི་ཡིས་བར་སྣང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 
2022.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 65

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱ་དང་ཨུ་རུ་སི་ཡིས་ཉིན་དེར་བར་སྣང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། སྦྱོང་བརྡར་ལས་ལད་བཟོའི་དགྲ་བོའི་གནམ་གྲུ་དང་སི་རི་ཡཱའི་མཁའ་ཁོངས་ལ་ཚུར་རྒོལ་བྱེད་པའི་མི་བསྡད་མེད་པའི་གནམ་གྲུ་བཀག་འགོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་མངག་པ་དང་། སི་རི་ཡཱའི་ཕྱོགས་ཀྱིས་མུས་ཀི་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དྲུག་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་ཡོད། དམག་དོན་སྦྱོང་བརྡར་སྤེལ་སྐབས། སི་རི་ཡཱའི་དམག་དཔུང་གི་ཁ་ལོ་བས་ཨུ་རུ་སིའི་དམག་དཔུང་གི་ཁ་ལོ་བའི་འགེབས་སྲུང་དང་རྒྱབ་སྐྱོར་འོག་ལད་བཟོའི་དགྲ་བོའི་གནམ་གྲུར་བཀག་འགོག་བྱས། ཐོག་དང་པོར་མཚན་མོར་བར་སྣང་གི་དམིགས་འབེན་ལ་ཆམ་ཕབ་བཏང་བ་ལས་གཞན་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་འཐབ་འཛིང་གནམ་གྲུས་ད་རུང་ལད་བཟོའི་དགྲ་བོའི་དམིགས་དམིགས་འབེན་ལ་ལྟ་རྟོག་དང་ཆམ་ཕབ་བཏང་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཉེ་འདབས་དང་སི་རི་ཡཱའི་ལྷོ་ཕྱོགས་དང་ཤར་ཕྱོགས། བྱང་ཕྱོགས་བཅས་ཀྱི་ས་ཁུལ་སྐོར་ཞིག་ལ་མཉམ་འབྲེལ་སྐོར་གཡེང་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།