ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གིས་ཞི་བདེ་ནས་འཐབ་འཁྲུག་ལ་བར་བརྒལ་བྱེད་པའི་དམག་གྲབས་སྦྱོང་བརྡར་བྱ་འགུལ་སྤེལ། 
2022.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 144

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གིས་ཉིན་དེ་ནས་བཟུང་ཞི་བདེ་ནས་འཐབ་འཁྲུག་ཏུ་བར་བརྒལ་བྱེད་པའི་དམག་གྲབས་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར། 

བསྒྲགས་པ་ལྟར་ན། དམག་གྲབས་སྦྱོང་བརྡར་དེ་ནི་དམག་མི་གསར་བ་དང་དྲག་ཆས་དམག་དཔུང་གིས་དམག་གྲབས་ནང་དོན་ཁོང་དུ་ཆུད་ཆེད་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་དྲག་ཆས་དམག་དཔུང་གིས་ཞི་བདེ་ནས་འཐབ་འཁྲུག་ཏུ་བར་བརྒལ་བྱེད་པར་གྲ་སྒྲིག་བཟང་བོ་བྱེད་པའི་ཕྱིར་དུ་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་དམག་དཔུང་གི་དམག་དོན་བདེ་འཇགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔའི་གནས་བབ་ལས་ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གིས་དུས་ངེས་མེད་དུ་གྲ་སྒྲིག་བྱས་ནས་དམག་དོན་ཚུར་རྒོལ་བྱ་སྤྱོད་ལ་རྒོལ་ལན་གང་ལེགས་སྤྲོད་པའི་དགོས་གལ་དེ་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་ཆེ་ཟེར། ཁོས་ཉིན་དེར་ད་རུང་ཨུ་རུ་སི་དཀར་པོས་ལྷོ་ཕྱོགས་འཐབ་འཁྲུག་དམག་སྤྱི་ཁང་འཛུགས་པའི་འཆར་གཞི་ཁྱབ་བསྒྲགས་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།