བློས་ཐུབ་གྲོགས་པོ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཀི་ལུའུ་ཅི་ཡཱ་ནས་སྤེལ། 
2022.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་གཙོ་བྱས་པའི་ཚབ་མིང་ལ་བློས་ཐུབ་གྲོགས་པོ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་དགུ་ཉིན་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ཉེ་འདབས་ཀྱི་ཝ་ཅཱ་ནེ་དམག་དོན་རྟེན་གཞི་ནས་སྤེལ་མགོ་བརྩམས། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་རང་གི་དཔོན་ཕྱོགས་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི། ཕོ་ལན། མའོ་ཨར་ཏའོ་ཝ། ཨ་སེ་པེད་ཅང་སོགས་རྒྱལ་ཁབ་ཉེར་གཅིག་ནས་ཡོང་བའི་དམག་དོན་མི་སྣ་སྟོང་གཉིས་དང་བཞི་བརྒྱ་ཙམ་ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ལ། འཇར་པན་དང་སུའེ་ཏེན་གྱིས་ཐོག་དང་པོར་དམག་མི་མངག་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་རེད་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ་མཚོ་ནག་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར། 

ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་བར། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་ཞུགས་པའི་བློས་ཐུབ་གྲོགས་པོ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཐོག་དང་པོར་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ནས་སྤེལ་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།