ཉིས་སྟོང་ཉེར་གཉིས་ལོའི་ཀའོ་ཅཱ་སོ་ཡི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཀི་ལུའུ་ཅི་ཡཱ་ནས་སྤེལ། 
2022.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 102

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་སེ་པེད་ཅང་དང་ཐུར་ཁེ། ཀི་ལུའུ་ཅི་ཡཱ་བཅས་མཉམ་དུ་ཞུགས་པའི་ཉིས་སྟོང་ཉེར་གཉིས་ལོའི་ཀའོ་ཅཱ་སོ་ཡི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཉིན་དེར་ཀི་ལུའུ་ཅི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་སྤེལ་མགོ་བརྩམས་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་རང་གི་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཀི་ལུའུ་ཅི་ཡཱའི་ཤར་ཕྱོགས་ཀྱི་མུའུ་ཧི་ལོ་ཝ་ནེ་དམག་དོན་སྦྱོང་བརྡར་ར་བ་ནས་སྤེལ་བ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གསུམ་གྱི་དམིགས་བསལ་འཐབ་འཛིང་དམག་དཔུང་གི་རོགས་ལས་ནུས་པ་ཇེ་ཟབ་ཏུ་གཏོང་བ་དང་། ཉམས་མྱོང་བརྗེ་རེས་བྱེད་པ། རྒྱལ་ཁབ་མང་བོ་ཞུགས་པའི་གནས་ཚུལ་འོག་གི་བཀོད་འདོམ་དང་འགུལ་སྐྱོད་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་པ་རེད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་ཁོ་ཚོའི་མཚོན་ཆའི་གཏོང་འཕེན་དང་སྨན་བཅོས་མྱུར་སྐྱོབ། མི་མང་བོ་འདུས་སར་དམིགས་བསལ་ལས་འགན་ལག་བསྟར་བྱེད་པའི་ཉམས་མྱོང་བཅས་མཉམ་སྤྱོད་བྱེད་རྒྱུ་རེད། 

ཀའོ་ཅཱ་སོ་ཡི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཀི་ལུའུ་ཅི་ཡ་དང་ཨ་སེ་པེད་ཅང་། ཐུར་ཁེ་བཅས་ཀྱིས་རེས་བསྐོར་ནས་གཙོ་སྒྲུབ་བྱེད་པ་ཡིན་ལ། ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། ཉིས་སྟོང་ཉེར་གཅིག་ལོའི་ཀའོ་ཅཱ་སོ་ཡི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཐུར་ཁེ་ནས་སྤེལ་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།